མཚོ་སྔོན་གྱི“འདུ་འགོད་ཆེན་པོ་དྲུག”གིས་ས་མཐོའི་ཁྱད་ལྡན་གྲགས་རྟགས་ཀྱི“གསེར་གྱི་མིང་ཤོག”གཏོད་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་2026ལོའི་མཚོ་སྔོན་ཞིང་ཆེན་ཤེས་བྱའི་བདག་དབང་ལས་དོན་གྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ས་མཐོའི་སྐྱེ་ཁམས་ཀྱི་ལེགས་ཆ་དང་ཁྱད་ལྡན་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གྲགས་རྟགས་སྟོབས་ཆེའི་ཞིང་ཆེན་འཛུགས་སྐྲུན་གྱི་གཙོ་རྐང་ལ་དམིགས་ནས། ཚོང་རྟགས་སྐྱེད་སྲིང་དང་། གནས་རྟགས་སྲུང་སྐྱོང་། ལྟ་འདོམས་ཚད་ལྡན་དུ་གཏོང་བ། ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ་བཅས་གཞི་གཅིག་ཤུགས་འདོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། འདུ་འགོད་ཆེན་པོ་དྲུག་ལ་བརྟེན་ནས་བརྒྱུད་རིམ་ལྡན་པའི་ངང་ཐབས་ཇུས་ལག་བསྟར་དང་གནད་སྨིན་ཤུགས་འདོན་བྱེད་པ། “མཚོ་སྔོན་གྱི་ཚོང་རྟགས་མིང་ཅན”གྱི་ས་མཐོའི་ཁྱད་ལྡན་གྲགས་རྟགས་རྒྱུན་མཐུད་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། སྤུས་ལེགས་ཀྱི་གྲགས་རྟགས་དེ་མཚོ་སྔོན་གྱི་སྐྱེ་ཁམས་རིན་ཐང་མངོན་པ་དང་། ཐོན་ལས་ཀྱི་སྤུས་ཚད་ལེགས་སུ་གཏོང་བར་སྐུལ་ཁྲིད། ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བཅས་ཀྱི་འདེགས་སྐྱོར་བརྟན་པོ་ཞིག་ཏུ་འགྱུར་བ་བྱ་རྒྱུ་རེད།
ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་། ལྗང་མདོག་ནུས་རྒྱུ་གཙང་མ། སྐྱེ་ཁམས་རིག་གནས་དང་ཡུལ་སྐོར། སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་སོགས་ལྟེ་བའི་ཁྱད་ལྡན་ཐོན་ལས་ལ་དམིགས་ཏེ། འགྲན་རྩོད་ནུས་པ་ཆེ་བའི་སྤུས་ལེགས་ཚོང་རྟགས་གནད་སྨིན་སྐྱེད་སྲིང་དང་གྲགས་རྟགས་ཀྱི་སྐས་རིམ་དཔུང་ཁག་རྒྱ་སྐྱེད་དང་སྤུས་ཚད་ལེགས་སུ་བཏང་ནས་2030ལོའི་གོང་ཞིང་ཆེན་ཡོངས་ཀྱི་ཚོང་རྟགས་ཐོ་འགོད་བསྡོམས་འབོར་ཁྲི་10ལས་བརྒལ་བར་བྱས་ཏེ། མཚོ་སྔོན་གྱི་ཚོང་རྟགས་མིང་ཅན་གྱི་འཕེལ་རྒྱས་རྨང་གཞི་བརྟན་དུ་གཏོང་རྩིས་ཡོད་པ་རེད།
ཚད་གཞི་མཐོ་པོས་རྒྱལ་ཁབ་རིམ་པའི་གནས་རྟགས་ཀྱི་དཔེ་སྟོན་རྣམ་གྲངས་རིམ་སྤོར་བྱས་ཏེ། གནས་རྟགས་ཐོན་རྫས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཐོན་ལས་ཅན་གྱི་འཕེལ་རྒྱས་མ་ལག་བསྐྲུན་རྒྱུ་རེད། གྲགས་རྟགས་ཀྱི་ཤེས་བྱའི་བདག་དབང་གི་མ་དངུལ་བསྡུ་སྒྲིལ་བྱེད་སྟངས་གསར་པ་གསར་གཏོད་བྱས་ཏེ། འགྲེམས་ཚོགས་ཆེ་གྲས་དང་མཉམ་འདྲེས་སྨྱན་སྦྱོར་ལས་སྟེགས་ལ་བརྟེན་ནས། མཚོ་སྔོན་གྱི་སྤུས་ལེགས་དངོས་རྫས་ཕྱོགས་ཡོངས་ནས་འོས་སྦྱོར་བྱེད་པ་དང་། དྲ་ཚོང་དང་རིག་གནས་ཡུལ་སྐོར་ལས་རིགས་མཉམ་འགུལ་གྱིས་ཐོན་འཚོང་ཐབས་ལམ་ཡངས་སུ་བཏང་ནས། སྒོར་དུང་ཕྱུར་རིམ་པའི་གནས་རྟགས་ཀྱི་ཁྱད་ལྡན་དམངས་ཕྱུག་ཐོན་ལས་ཁག་གཅིག་སྐྱེད་སྲིང་ཧུར་ཐག་བྱ་རྒྱུ་རེད།
རྒྱུན་རྣམ་ཅན་གྱི་སྒོ་ནས་ཤེས་བྱའི་བདག་དབང་གི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་གྲགས་རྟགས་ཀྱི་དབང་ཆར་བཙན་གནོད་དང་བསམ་སྦྱོར་ངན་པས་སྔ་རྩོད་ཐོ་འགོད་བྱེད་པ་སོགས་ཀྱི་སྒྲིག་འགལ་བྱེད་སྤྱོད་བཅོས་སྒྲིག་ནན་པོ་བྱས་ཏེ། ཕྱོགས་མང་མཉམ་འགུལ་གྱིས་ས་ཁོངས་ཧྲིལ་པོ་མཐུན་སྦྱོར་མཉམ་བཅོས་ཀྱི་སྲུང་སྐྱོང་མ་ལག་བསྐྲུན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།