ཀྲུང་ཨའི་འབྲེལ་བ་གོང་དུ་འཕེལ་བར་རྨང་གཞི་དེ་བས་བརྟན་པོ་བཏིང་བ།
ཀྲུང་ཨའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཀྲུང་ཨ་ཡང་དག་པའི་མཉམ་གཤིབ་ཀྱི་ལམ་བུ་ཞིག་འཚོལ་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རེ་འདུན་རེད་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་རེ་སྒུག་ཀྱང་རེད། ཉེ་ཆར། ཨ་རིའི་ལས་རིགས་ཁག་ནས་ཡོང་བའི་མི་སྣ་མང་པོས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཨ་ཀྲུང་འབྲེལ་བ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་ཕྱོགས་གཉིས་པོས་འགལ་བ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བྱས་པ་དེས་འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། གཙོ་བདག་དབར་གྱི་ཕྱི་འབྲེལ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཨའི་འབྲེལ་བའི“ཕྱོགས་སྟོན་འཁོར་ལོ”དང“ཚད་འཛིན་ས”ཞིག་ཡིན་པས། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྱི་ཞལ་འཛོམས་ལས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་དུ་འཕེལ་བར་རྨང་གཞི་དེ་བས་བརྟན་པོ་བཏིང་ནས་འཛམ་གླིང་ཞི་བདེ་དང་དར་རྒྱས་ཆེད་གཏན་འཁེལ་རང་བཞིན་དང་དྲང་ནུས་དེ་བས་ཆེ་བ་སྣོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད།
ཨ་ཀྲུང་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་ཐན་སེན་གྱིས། ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་རིམ་པ་མཐོ་ཤོས་ཀྱི་འགྲོ་འོང་བཟང་པོ་རྒྱུན་འཁྱོངས་བྱས་ཚེ་བརྟན་ལྷིང་གི་སྔོན་དཔག་མཐོ་རུ་འགྲོ་རྒྱུར་ཕན་པ་ཐོན་ཏེ། ཕྱོགས་གཉིས་པོའི་འབྲེལ་བར་དེ་བས་སྔོན་དཔག་ཐུབ་པའི་རང་བཞིན་ལྡན་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་མཛའ་མཐུན་གྱི་ཁོར་ཡུག་ཅིག་གཏོད་ཐུབ་ཅེས་བརྗོད།
ཨ་རིའི་ཀྲུང་ཨའི་ཞིབ་འཇུག་ལྟེ་གནས་ཀྱི་མཐོ་རིམ་ཞིབ་འཇུག་པ་སུའུ་ལ་པུའུ·ཀུའུ་ཕུའུ་ཐ་ཡིས། གཙོ་བདག་དབར་གྱི་ཞལ་འཛོམས་ཀྱིས་ཨ་ཀྲུང་འབྲེལ་བ་སྔར་བས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་གོ་སྐབས་བཏོད་ཡོད། “ད་ཐེངས་ཀྱི་ཞལ་འཛོམས་དེ་ཕྱོགས་གཉིས་པོའི་འབྲེལ་བའི་འགོ་འཛུགས་ས་གསར་པར་འགྱུར་རེ་ཡོད”ཅེས་བརྗོད།
ཨ་རིའི་དཔལ་འབྱོར་དང་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་མཐོ་རིམ་དཔལ་འབྱོར་རིག་པ་མཁས་ཅན་ཏི་ཨེན·པེ་ཁེ་ཡིས། ད་ཐེངས་ཀྱི་གཙོ་བདག་དབར་གྱི་ཞལ་འཛོམས་ཀྱིས་ཕྱོགས་གཉིས་པོའི་ཚོང་དོན་འབྲེལ་བ་སྔར་བས་རྒྱུན་གཏན་ཅན་དུ་འགྱུར་རྒྱུར་སྐུལ་མ་ཐེབས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཚོང་དོན་འགྲོ་འོང་རྒྱ་སྐྱེད་ན་ཕྱོགས་གཉིས་ཀར་ཁེ་ཕན་ཐོབ་པའི་གོ་སྐབས་ཡོད་ཅེས་བརྗོད།
“འདས་ཟིན་པའི་ཟླ་ཤས་རིང་། ངས་ཐོག་མཐའ་བར་གསུམ་དུ་མི་རྣམས་ལ་ཨ་ཀྲུང་རྒྱལ་ཁབ་ཆེན་པོ་གཉིས་དབར་ཕྱོགས་འགལ་དང་རྩོད་གཞི་ཁག་གཅིག་ཐོན་རྒྱུ་ནི་རྒྱུན་གཏན་ཞིག་དང་གཡོལ་ཐབས་མེད་པ་ཞིག་རེད་ཅེས་ནན་བཤད་བྱེད་ཀྱི་ཡོད། ཨ་ཀྲུང་དབར་མཉམ་ལས་དེ་བས་དམ་ཟབ་བྱས་ནས་གོ་ལ་ཧྲིལ་པོར་ཚད་ཤིང་འཛུགས་པ་དང་ལྷག་པར་དུ་ལྗང་མདོག་འཕེལ་རྒྱས་དང་། ཐཱན་ཉུང་ཕྱོགས་སྒྱུར། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཀྱི་ཐད་དཔེ་སྟོན་བྱེད་ཐུབ”ཅེས་ཨ་རིའི་སྲན་ཆེན་ཕྱིར་གཏོང་མཐུན་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་སུའུ་ཅན་གྱིས་བརྗོད།
“གཙོ་བདག་དབར་གྱི་ཞལ་འཛོམས་དེ་ཨ་ཀྲུང་རྒྱལ་ཁབ་གཉིས་མ་ཚད་ཐ་ན་འཛམ་གླིང་ཡོངས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཆེ་བ་ཞིག་རེད། ཨ་ཀྲུང་རྒྱལ་ཁབ་གཉིས་པོ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་ཆེ་གྲས་མདུན་གྲལ་གཉིས་ཡིན། རྒྱལ་ཁབ་གཉིས་པོས་རང་རྒྱལ་ཁབ་ཀྱི་ཆེད་དུ་བཏོན་པའི་ཐབས་ཇུས་དང་དེ་བཞིན་འབྱུང་འགྱུར་སྲིད་ཇུས་ཀྱི་འགྲོ་ཕྱོགས་ཀྱིས་འཛམ་གླིང་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ངེས་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མཐོ་ཤོས་དབར་མཉམ་འགུལ་བྱས་ཏེ‘ཨ་ཀྲུང་འབྱུང་འགྱུར་གྱི་འབྲེལ་བར་རྩ་བའི་དགོངས་གཞི’གཏན་འཁེལ་བྱ་རྒྱུ་རེད། ད་རེས་ཀྱི་གཙོ་བདག་དབར་གྱི་ཞལ་འཛོམས་ཀྱིས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་བརྟན་ལྷིང་གི་འབྲེལ་བ་བཟང་པོ་འཛུགས་པར་འགག་རྩའི་ནུས་པ་ཐོན་རྒྱུའི་ཡིད་ཆེས་ཡོད”ཅེས་ཨ་རིའི་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ལའོ་ལུན་སི·ཧྥུའུ་ལི་མན་གྱིས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།