པེ་ཅིང་དྲ་སྦྲེལ་ཁྲིམས་ཁང་གིས་ཚུལ་མིན་འགྲན་རྩོད་ཐད་ཀྱི་རྩོད་གཞིའི་གྱོད་གཞི་ཞིག་ཐག་བཅད་པ།
ལག་རྩལ་ལ་བརྟེན་ནས་སྤ་སེ་ཧབ་ཉོ་བྱེད་པ་ཁྲིམས་དང་མི་མཐུན་པས་ཚབ་ཉོའི་ལས་སྟེགས་ཀྱིས་འགན་འཁྲི་འཁུར་དགོས།
གསར་འགོད་པར་པེ་ཅིང་དྲ་སྦྲེལ་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཁྲིམས་ཁང་དེས་འཁྲབ་སྟོན་སྤ་སེ་ཚབ་ཉོའི་བར་མཐུད་ཉོ་ཚོང་ལས་སྟེགས་ཀྱི་ཚུལ་མིན་འགྲན་རྩོད་ཀྱི་རྩོད་གཞིའི་གྱོད་གཞི་ཞིག་ཞིབ་གཅོད་བྱས་ནས། ལས་སྟེགས་ཅན་དང་གཞི་ཁྱོན་ཅན་གྱིས་གཉེར་སྐྱོང་བྱེད་པའི“སྤ་སེ་ལོག་ཚོང་རྒྱག་མཁན”ལས་སྟེགས་ཀྱིས་སྤ་སེ་ཧབ་ཉོའི་ཟང་ཟིང་གནད་དོན་ལ་སྒྲིག་འདོམས་ནུས་ལྡན་ཞིག་ཆགས་པར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གྱོད་གཞི་དེའི་ཞུ་སྦྱོར་སྔ་མ་ནི་རྒྱལ་ནང་གི་གྲགས་ཅན་སྤ་སེ་ཉོ་ཚོང་ལས་སྟེགས་ཀྱི་གཉེར་སྐྱོང་བྱེད་པོ་ཡིན་པ་དང་། ཞུ་སྦྱོར་ཕྱི་མ་ནི་ཚབ་ཉོའི་ལས་སྟེགས་གཉེར་སྐྱོང་བྱེད་མཁན་ཡིན་ཞིང་། དེའི་ལས་སྒོ་གཙོ་བོ་ནི་སྤྱོད་མཁན་དང་བཅའ་སྡོད་ཚོང་པའི་དབར་གྱི་འཁྲབ་སྟོན་སྤ་སེ་ཚབ་ཉོའི་ཉོ་ཚོང་ཐད་བར་མཐུད་བྱེད་ཀྱི་ཡོད། ཁྲིམས་ཁང་གིས་རྩད་གཅོད་བྱས་པར་གཞིགས་ན། གྱོད་འབྲེལ་ལས་སྟེགས་ཀྱིས་བཅའ་སྡོད་ཚོང་པ་དང་ལས་བགོས་མཉམ་ལས་བྱས་ནས་ཚབ་ཉོའི་ལས་སྒོ་གཉེར་བའི་ནང་། བཅའ་སྡོད་ཚོང་པར་སྤ་སེ་ཧབ་ཉོའི་ནུས་པར་ཞིབ་བཤེར་ཚད་གཞི་བཟོ་བ་དང་། སྤ་སེ་ཧབ་ཉོའི་ཆ་འཕྲིན་གཅིག་གྱུར་ཡོངས་བསྒྲགས་བྱེད་པ། ཚབ་ལེན་བརྒྱུད་རིམ་བཟོ་བ། བློ་འདྲིའི་ཞབས་ཞུ་གཅིག་གྱུར་མཁོ་འདོན་བྱེད་པ་སོགས་ཚུད་ཡོད་པ་མ་ཟད། དངུལ་བླངས་རྗེས་བཅའ་སྡོད་ཚོང་པ་དང་བསྡོམས་རྩིས་རྒྱག་གི་ཡོད།
ཁྲིམས་ཁང་གིས་ཞིབ་གཅོད་བྱས་པར་གཞིགས་ན། གྱོད་འབྲེལ་ལས་སྟེགས་སུ་བཅའ་སྡོད་བྱེད་མཁན་ཚོང་པས་རང་འགུལ་ཅན་གྱི་ལག་རྩལ་སྤྱད་དེ་སྤ་སེ་ཧབ་ཉོ་ཐེངས་མང་བྱས་ནས། འཛད་སྤྱོད་པའི་སྤ་སེ་ཉོ་བའི་འདྲ་མཉམ་དབང་ཆར་གནོད་འཚེ་བཏང་བ་དང་ཞུ་སྦྱོར་སྔ་མའི་ལས་སྟེགས་རྒྱུན་གཏན་ལྟར་གཉེར་སྐྱོང་བྱེད་པར་འགོག་རྐྱེན་བཟོ་གི་ཡོད། གྱོད་འབྲེལ་ལས་སྟེགས་གཉེར་སྐྱོང་བྱེད་མཁན་ཞུ་སྦྱོར་ཕྱི་མས་ཚོང་པ་དང་ལས་བགོས་མཉམ་ལས་བྱས་ཏེ་ཚུལ་མིན་འགྲན་རྩོད་མཉམ་དུ་བྱེད་ཀྱི་ཡོད། ཞུ་སྦྱོར་ཕྱི་མའི་རང་ངོས་ཀྱི་ནོར་འཛོལ་ཤོར་ཚད་དང་། ལས་སྟེགས་ཅན་གྱི་གཉེར་སྐྱོང་གཞི་ཁྱོན། དབང་གནོད་བྱེད་སྤྱོད་ཀྱི་གནོད་འཚེའི་མཇུག་འབྲས་སོགས་ཀྱི་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་ནས། ཞུ་སྦྱོར་ཕྱི་མར་འཕྲལ་མར་དབང་གནོད་བྱེད་སྤྱོད་སྤེལ་མཚམས་འཇོག་པ་དང་། ཞུ་སྦྱོར་སྔ་མར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་30དང་ལུགས་མཐུན་གྱི་ཁེ་དབང་སྲུང་སྐྱོང་གི་འགྲོ་སོང་སྒོར་75300སྐྱིན་ཚབ་སྤྲོད་པ། ཀུང་སིའི་མ་རྐང་འཇོག་མཁན་གཅིག་པུ་དེས་མཉམ་དུ་སྐྱིན་ཚབ་འཇལ་འགན་ཁུར་དགོས་པ་བཅས་ཀྱི་ཁྲིམས་ཐག་བཅད་པ་རེད།
འབྲེལ་ཡོད་གསར་འགྱུར།