དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་གཟའ་འཁོར་གྱི་ཚོགས་ར་གཙོ་བོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-15

    ད་ལོའི་ཟླ་5ཚེས་12ཉིན་ནི་རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོ་ཐེངས་བཅོ་བརྒྱད་པ་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི“མི་ཚང་མས་བདེ་འཇགས་ལ་སྣང་ཆེན་དང་ཚང་མས་འཕྲལ་སྡོམ་ཤེས་པ་བྱས་ཏེ། གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་གི་འཇོན་ཐང་ཆེ་རུ་གཏོང་དགོས”ཞེས་པ་དེ་རེད། ཚེས་12ཉིན། རྒྱལ་ཡོངས་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་དང་། འཕྲལ་སྡོམ་དོ་དམ་པུའུ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཅང་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཅང་ཤིས་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་གཟའ་འཁོར་གྱི་ཚོགས་ར་གཙོ་བོའི་བྱེད་སྒོ་མཉམ་དུ་སྤེལ་བ་རེད།

    ད་རེས་ཀྱི་བྱེད་སྒོར“ཚོགས་ཐེངས་གཅིག་དང་། གུས་འདུད་ཞུ་ཐེངས་གཅིག ཉམས་ལེན་བྱེད་ཐེངས་གཅིག”བཅས་གཙོ་རྐང་དུ་བྱས་ནས་དམངས་ཡོངས་ཀྱི་བདེ་འཇགས་ཡོངས་བསྒྲགས་སློབ་ཚན་འཚོགས་པ་དང་། གེགས་འགོག་ཉེན་གཡོལ་གྱི་མི་སེམས་འགུལ་བའི་བྱས་རྗེས་སྒྲོག་འགྲེལ་བྱེད་པ། འཕྲལ་སྡོམ་ཡུལ་རྣམ་འདྲ་བཟོ་ཉམས་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་སྔར་བས་ཁྱབ་གདལ་བཏང་བ་དང་སྤྱི་དམངས་ཀྱི་གེགས་འགོག་ཉེན་གཡོལ་གྱི་འདུ་ཤེས་དང་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་བྱེད་པའི་འཇོན་ཐང་ཆེ་རུ་བཏང་ཡོད། བྱེད་སྒོ་སྤེལ་ཡུལ་དུ་རྒྱལ་ཡོངས་ཀྱི་གཞི་རིམ་གེགས་འགོག་ཉེན་གཡོལ་གྱི་ཕུལ་བྱུང་འཐུས་མིར་གཟེངས་བསྟོད་བྱས་པ་རེད།

    ཚོགས་ར་གཙོ་བོ་ནན་ཁྲང་གིས་ཅང་ཤིས་ཀྱི་རང་བྱུང་གནོད་འཚེའི་ཁྱད་ཆོས་ལ་དམ་པོར་དམིགས་ཏེ་ལྟད་མོ་བར“དམངས་ཡོངས་ཀྱི་བདེ་འཇགས་ཡོངས་བསྒྲགས་སློབ་ཚན” འཚོགས་ཤིང་། ཅང་ཤིས་སུ་དབྱར་དགུན་སྟོན་དཔྱིད་ནམ་དུས་བཞིར་ཐོན་མང་བའི་གཏད་རྒྱུག་ཆེ་བ་དང་། ཆུ་ལོག ནགས་ཚལ་མེ་སྐྱོན། གངས་ཆར་དང་འཁྱགས་པ་བཅས་གནོད་འཚེ་ཆེ་རིགས་4ལ་དམིགས་ནས་ཉེན་འབྱེད་ཉེན་གཡོལ་དང་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་རྩལ་ནུས་ཁྱབ་གདལ་བཏང་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་པེ་ཅིང་དང་། ཧྲའན་ཤིས། སི་ཁྲོན་སོགས་ཀྱི་ཡན་ལག་ཚོགས་ར་དང་བརྙན་ལམ་སྦྲེལ་མཐུད་བྱས་ནས། ས་གནས་ཁག་གིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་བརྗོད་དོན་གཙོ་བོའི་བྱེད་སྒོ་དུས་གཅིག་ཏུ་སྤེལ་བའི་བཀྲག་མདངས་འཚེར་ས་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།