ཁྲིམས་སྒྱུར་འགག་སྒྲོལ་གྱི་སྤུས་འབྲས་མཐོ་རུ་བཏང་སྟེ་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ།
——2025ལོར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལག་བསྟར་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ།
གྱོད་གཞི་གསར་རྙིང་བདག་སྤྲོད་དང་ལག་བསྟར་བྱེད་ཚད་47717ཟིན་ནས་དུས་མཚུངས་ལས་20.49%འཕར་བ་དང་། གྱོད་གཞི་39872གྱོད་ཐག་བཅད་པ། གྱོད་འབྲེལ་དངུལ་ལག་བསྟར་དོན་འཁྱོལ་ཐུབ་ཚད་དངུལ་སྒོར་དུང་ཕྱུར་34.07ཟིན་ནས། ལག་བསྟར་ཟིན་ཚད་སོགས་ལྟེ་བའི་དམིགས་ཚད་ཚང་མ་ཡོངས་སུ་ལེགས་གྲུབ་ཟིན་པའམ་ཡང་ན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཐོག་མའི་འཆར་གཞི་དང་མཐུན་ཡོད། གྲངས་གཞི་དེ་དག་ནི་ན་ནིང་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ལག་ལེན་བསྟར་བའི་གྲུབ་འབྲས་ཡིན་པ་རེད།
གྱོད་གཞི་ལག་ལེན་བསྟར་ཚད་ལོར་ཆ་སྙོམས་20%འཕར་བའི་ནང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་དང་སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་ལག་ལེན་བསྟར་ཚད་40%ནས་50%བར་འཕར་བ་དེ་ནི་གསར་འགོད་པར་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ནས་ཤེས་རྟོགས་བྱུང་བའི་གྲངས་གཞི་ཞིག་ཡིན་ཞིང་། ལྗོངས་ཡོངས་སུ་ལས་དོན་དེ་སྒྲུབ་མཁན་ལག་བསྟར་ལས་བྱེད་ཉེན་རྟོག་པ་500ཡང་ཟིན་གྱི་མེད།
ཉེ་བའི་ལོ་ཤས་རིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་སྤྱི་འདོམས་མཐུན་སྦྱོར་འོག ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་ལམ་ལུགས་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། ལག་བསྟར་ལས་དོན་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། སྔ་རྗེས་སུ《ལག་བསྟར་ལས་དོན་གྱི“གཅིག་གྱུར་གསུམ”དོ་དམ་སྔར་བས་བྱེད་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར(ཚོད་ལྟའི་ལག་བསྟར)》བཟོས་ནས་བཀྲམ་པ་དང་། 《རང་སྐྱོང་ལྗོངས་སྒྲོལ་བའི་གྱོད་གཞི་སྐོར་ཞིབ་མཐུན་སྦྱོར་ཁྲུའུ་ཡི་ལག་བསྟར་གྱོད་གཞིའི་མཉམ་ལས་ལམ་སྲོལ་གྱི་ལས་ཀའི་ཞིབ་སྲོལ》སོགས་ཀྱི་ལམ་ལུགས་ལམ་སྲོལ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ། ལྗོངས་ཡོངས་ཀྱི་ལག་བསྟར་ལས་དོན་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས། ལག་བསྟར་ལས་དོན་གྱི་སྤྱི་ཡོངས་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
2025ལོར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་རྒྱུན་རྣམ་ཅན་གྱིས“སྣོལ་མར་ལག་བསྟར”དང“ཐེངས་དེའི་ལག་བསྟར་མཇུག་འགྲིལ་གཙང་བཤེར། ལག་བསྟར་སླར་གསོ” “ལག་བསྟར་མི་བྱེད་པར་རྡུང་རྡེག་གཏོང་བ”སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་སྣོལ་མར་ལག་བསྟར་གྱོད་གཞི་ཁྱོན་969དང་ལག་བསྟར་དོན་ཐོག་ཏུ་འཁྱོལ་བའི་གྱོད་དངུལ་སྒོར་ཁྲི་4075.91བྱུང་ནས་ལས་ཀའི་ཕན་འབྲས་ལ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བསྔགས་བརྗོད་ཐོབ་པ་དང་། ལག་བསྟར་སླར་གསོ་བྱས་པའི་གྱོད་གཞི་4624དང་ལག་བསྟར་དོན་ཐོག་ཏུ་འཁྱོལ་བའི་གྱོད་དངུལ་སྒོར་དུང་ཕྱུར་4.29ཟིན་པ། ལག་བསྟར་མི་བྱེད་པ་སོགས་ཁ་དན་ཚིག་ལ་མ་གནས་པའི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ནས་ཁ་དན་ཚིག་ལ་མ་གནས་མཁན་གྱི་མིང་ཐོ་ཁྱོན་བསྡོམས་མི་ཐེངས་7512ཁྱབ་བསྒྲགས་བྱས་པ་དང་འཛད་སྤྱོད་ཚོད་མེད་བྱེད་མཁན་མི་ཐེངས་13709ཚོད་འཛིན་བྱས་ཡོད།
ལག་བསྟར་རེ་ཞུ་བྱེད་མཁན་ཟླ་ཆེ་གེ་མོ་དང་རེ་ཞུ་བྱ་ཡུལ་ཀའོ་ཆེ་གེ་མོ་དང་བོད་ཀྱི་ཁེ་ལས་ཚད་ཡོད་ཀུང་སི་ག་གེ་མོ་ཞིག་གི་རྐང་དབང་ནང་བཤུག་གཏོང་བའི་རྩོད་གཞིའི་གྱོད་གཞི་དེ་2025ལོའི་ལོ་མཇུག་ཏུ་དངོས་སུ་མཇུག་འགྲིལ་བ་རེད། ཟླ་ཆེ་གེ་མོའི་ལས་ཚབ་ཁྲིམས་རྩོད་པ་ཕུར་བུས“རེ་ཞུ་བྱ་ཡུལ་ལ་ལྟ་སྡོམ་བྱེད་སྐབས་ང་ཚོས་ཁུངས་སྣེ་ཤེས་རྟོགས་བྱུང་རྗེས་འཕྲལ་དུ་ཁྲིམས་དཔོན་ལ་ཚུར་ལན་སྤྲད་པ་དང་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་འཕྲལ་དུ་རྗེས་སྙེགས་བྱས་ནས་ངའི་དོ་བདག་ལ་ལག་བསྟར་དངུལ་ཆ་ཚང་རག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།
གྱོད་གཞི་དེའི་དམིགས་བྱ་སྒོར་126399ཟིན་ནས་སྔ་རྗེས་སུ་ལོ་གཅིག་ལྷག་ཙམ་སོང་རྗེས་གཞི་ནས་མཇུག་འགྲིལ་བ་རེད། ཐེངས་དང་པོ་ལག་བསྟར་བྱེད་པའི་དུས་མཚམས་སུ། ལྟ་སྡོམ་བྱེད་ཐབས་ལ་བརྟེན་ནས་ཀའོ་ཆེ་གེ་མོར་ལག་བསྟར་དངུལ་སྒོར་ཁྲི་3སྤྲོད་དུ་བཅུག་པར། ཕྱོགས་གཉིས་ཀས་དུས་བགོས་ཀྱིས་སྤྲོད་རྒྱུའི་ཁ་ཆད་བྱས་པས། གྱོད་གཞི་དེ་མཇུག་འགྲིལ་བ་རེད། འོན་ཀྱང་ཀའོ་ཆེ་གེ་མོ་སླར་ཡང་གར་སོང་ཆ་མེད་དུ་གྱུར་ནས་ཁ་ཆད་བྱས་པའི་ལག་བསྟར་དངུལ་མུ་མཐུད་སྤྲད་མེད།
2025ལོར། ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་དེ་ལག་བསྟར་སླར་གསོ་བྱས་ཏེ། མྱུར་དུ་བརྟག་དཔྱད་ཞིབ་དཔྱད་བྱས་པ་དང་། ལག་བསྟར་སླར་གསོ་བྱས་ནས་ཟླ་བ་གཉིས་ནང་ཚུན་དུ་ལྟ་སྡོམ་བྱས་པ་བརྒྱུད་ཀའོ་ཆེ་གེ་མོ་རྙེད་ནས་བཙན་ཤེད་ཀྱིས་གྱོད་འབྲེལ་དངུལ་ལྷག་མ་ཐེངས་གཅིག་རང་ལ་སྤྲོད་དུ་བཅུག་པས་གྱོད་གཞི་དེ་དངོས་སུ་མཇུག་འགྲིལ་བ་རེད།
“ཤོག་བུའི་ཐོག་གི་ཁེ་དབང”དེ“དངོས་དངོས་རྗེན་རྗེན”དུ་འགྱུར་ཆེད། ལྟ་སྡོམ་དང་བཙན་ཤེད་ཀྱིས་ལག་བསྟར་བྱེད་པ་ཚང་མ་ནི་དོ་བདག་གི་ཁེ་དབང་འགན་སྲུང་བྱ་ཆེད་སྤྱད་པའི་ནུས་ལྡན་གྱི་བྱེད་ཐབས་ཤིག་རེད།
མིག་སྔར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་སྤྱི་བདེ་དང་། སྡོད་ཁང་འཛུགས་སྐྲུན། མི་སྤྱི། ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་37དང་མཉམ་འགུལ་ལམ་སྲོལ་བཙུགས་ནས་མིར་ཞིབ་བཤེར་དང་དངོས་པོ་འཚོལ་བ་དང་། སྤྱི་གསོག་མ་དངུལ་འཐེན་འབྱེད། ཡིད་རྟོན་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་སོགས་ཀྱི་ཐད་མཉམ་ལས་གཞོགས་འདེགས་ཧུར་ཐག་བྱས་ཤིང་། 2025ལོར་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལྗོངས་མི་སྤྱི་ཐིང་དང་ཁྲོམ་ར་ལྟ་འདོམས་ཅུས་དང་སྔ་རྗེས་སུ“གནས་ཀྱིས་གནས”ཀྱི་ལག་བསྟར་ཞིབ་བཤེར་ཚོད་འཛིན་མ་ལག་སྦྲེལ་མཐུད་བྱས་པས“དྲ་ཐོག་དང་དྲ་ཕྱིའི”མཉམ་སྤྱོད་མཉམ་ལས་རིམ་བཞིན་མངོན་འགྱུར་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།