རྒན་རྒོན་སེམས་ལ་དྲོ་སྐྱིད་སྦྱིན། བློ་ཡིད་ཚིམ་པའི་འཛུམ་མདངས་འཕྱུར།
——ལྷ་ས་གྲོང་ཁྱེར་གསང་ཡིབ་སྡེ་ཁུལ་གྱི་དང་བླངས་ཞབས་ཞུ་རུ་ཁག་གིས་རྒན་རྒོན་ཚོར་བདེ་སྐྱིད་འཚོ་བ་བཏོད་པ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གསང་ཡིབ་སྡེ་ཁུལ་དུ“སྤུ་གུས་དྲིལ་བསྒྲགས”ཞེས་པའི་དང་བླངས་པའི་ཚོགས་པ་ཞིག་ཡོད་པ་དེས་ཏང་འཛུགས་སྐྱོང་ཁྲིད་སྟོན་མཐའ་འཁྱོངས་ཀྱིས་ཁོངས་གཏོགས་ཁུལ་གྱི་ལོ་ན་མཐོ་བའི་ཁེར་སྡོད་རྒན་རྒོན་གྱི་ཚོགས་སྤྱིར་དམིགས་ནས་རྒྱུན་རྣམ་ཅན་དང་གནད་སྨིན་ཅན་གྱི་དང་བླངས་ཞབས་ཞུར་བརྟེན་ནས་རྒན་རྒོན་ཚོའི་འཚོ་བར་ལྟ་རྟོག་བྱེད་བཞིན་ཡོད།
རྒན་རྒོན་གྱི“སྙིང་ཉེ་བ”ཡག་པོ་ཞིག་བྱས་ནས།
ཁྱིམ་དུ་གནད་སྨིན་ཞབས་འདེགས་ཞུས།
སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷག་སྒྲོན་གྱིས་ངོ་སྤྲོད་བྱས་པར“སྤུ་གུས་དྲིལ་བསྒྲགས”ཚོགས་པ་བཙུགས་པ་ནས་བཟུང་། རྒན་རྒོན་ཚོགས་སྤྱིའི་འཕྲལ་མཁོ་དང་། དཀའ་ངལ། རེ་སྒུག སེམས་ཁྲལ་བཅས་ཀྱི་གནད་དོན་ལ་དམིགས་པ་དང་རྒན་རྒོན་གྱི་གནས་ཚུལ་མི་འདྲ་བར་གཞིགས་ནས་དབྱེ་བ་ཡོད་པའི་ཞབས་འདེགས་ཞུས་ཏེ་དེ་བས་གནད་སྨིན་དང་དེ་བས་དྲོ་སྐྱིད་ལྡན་པར་བྱས་ཡོད།
ལོ་ན་མཐོ་བའི་རྒན་རྒོན་ལ་དམིགས་ནས་ཚོགས་པས་གཟའ་འཁོར་རེར་སྒོ་རྩར་བསྐྱོད་དེ་རོགས་སྐྱོར་ཐེངས་2བྱས་ནས་ཁོང་ཚོར་ཚལ་དང་སྨན་ཉོ་རོགས་དང་། ཆུ་རིན་དང་གློག་རིན་སྐྱེལ་རོགས། མྱུར་སྐྱེལ་ལེན་རོགས། གཙང་སྦྲ་བྱེད་རོགས་སོགས་རྒྱུན་གཏན་གྱི་ལས་ཀ་ཙག་ཙིག་བྱེད་ཀྱི་ཡོད། དེ་བཞིན་དོག་སྡེ་འཕྲོད་བསྟེན་ཁང་དང་མཉམ་དུ་གཟའ་འཁོར་རེར་རྒན་རྒོན་ཚོར་གཟུགས་པོར་བརྟག་དཔྱད་བྱེད་པ་དང་། ཁྲག་ཤེད་ལྟ་བ། བདེ་ཐང་བློ་འདྲི། སྨན་ཟ་དགོས་པའི་དྲན་སྐུལ་བཅས་བྱེད་ལ། འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་ལ་ནད་གཞི་ལྟ་རོགས་བྱས་ཏེ་ལོ་ན་མཐོ་བའི་རྒན་རྒོན་གྱི་འཚོ་བར་ལྟ་སྐྱོང་དང་ནད་ལྟ་དཀའ་བའི་གནས་ཚུལ་ཐག་གཅོད་བྱེད་ཀྱི་ཡོད། ཚོགས་པ་དེས་རྒན་རྒོན་མི་ཧྲེང་ལ་དམིགས་ནས“ཉིན་རེར་ཁ་པར་ཐེངས་རེ་རྒྱག་པ་དང་། གཟའ་འཁོར་རེར་སྒོ་རྩར་ཐེངས་རེ་སྐྱོད་པའི”ལམ་སྲོལ་བཙུགས་ཏེ་ཉིན་རེར་ཁ་པར་བརྒྱབ་ནས་རྒན་རྒོན་གྱི་བདེ་ཐང་གནས་ཚུལ་འདྲི་བ་དང་། གཟའ་འཁོར་རེར་སྒོ་རྩར་བསྐྱོད་དེ་ཅི་འཕྲོས་མོལ་འཕྲོས་དང་ནང་ལས་བྱས་ནས་རྒན་རྒོན་ཚོ་ཡུལ་པོ་མི་ཡོང་བ་བྱེད་ཀྱི་ཡོད། དུས་ཆེན་རིང་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་འཚོ་བའི་མཁོ་ཆས་བསྐྱལ་ཏེ་དུས་ཆེན་གྱི་སྨོན་འདུན་ཞུས་ནས་རྒན་རྒོན་ཚོ་བློ་བདེ་བག་ཕེབས་ཡོང་བ་བྱེད་ཀྱི་ཡོད།
གཞན་ཡང་། རྒན་རྒོན་ཚོས་ཚ་བོར་སློབ་ཚན་ཟུར་ཁྲིད་བྱེད་མི་ཐུབ་པའི་དཀའ་གནད་ལ་དམིགས་ནས་དང་བླངས་ཞབས་ཞུ་རུ་ཁག་གིས་སློབ་གསོའི་ཉམས་མྱོང་ལྡན་པ་དང་སློབ་ཚན་ཟུར་ཁྲིད་མཁས་པའི་དང་བླངས་པ་སྒྲིག་འཛུགས་བྱས་ནས་དུས་བཀག་ལྟར་ཕྲུ་གུ་ཚོར་སྦྱོང་ཚན་ཟུར་ཁྲིད་དང་ཤེས་བྱ་སློབ་ཀྱི་ཡོད།
ཞབས་ཞུར་བརྟེན་ནས་དཀའ་གནད་བསལ་ནས།
སྨན་བཅོས་ཁྲོད་ནས་འགན་འཁྲི་མངོན།
རྒན་རྒོན་ཚོའི་རེ་ཞུ་སྣ་ཚོགས་ཡག་པོ་སྒྲུབ་ཆེད“སྤུ་གུས་དྲིལ་བསྒྲགས”དང་བླངས་པའི་ཞབས་ཞུ་རུ་ཁག་གིས“དགོས་མཁོ་བསྡུ་རུབ་དང་། ཐག་གཅོད། རྗེས་སྙེག་འཚམས་ལན”བཅས་ཀྱི་ཞབས་ཞུའི་ལམ་སྲོལ་བཙུགས་ནས་དོན་དག་ཚང་མར་ལན་ཡོད་པ་དང་ཚང་མ་དོན་འཁྱོལ་ཐུབ་པར་བྱས་ཡོད། རྒན་རྒོན་ཚོས་སྒོ་རྩར་ཡོང་བ་དང་། ཁ་པར་རྒྱག་པ། ནང་མིས་ཚབ་བྱེད་པ་བཅས་ཀྱི་བྱེད་ཐབས་གསུམ་གྱི་ཐོག་ནས་རེ་ཞུ་བྱེད་ཆོག་པ་དང་། ཐག་གཅོད་བྱེད་སླ་བའི་དོན་དག་ཉིན་དེ་རང་དུ་ཐག་གཅོད་བྱེད་པ། རྙོག་དྲ་ཆེ་བའི་དོན་དག་སྡེ་ཁུལ་གྱིས་ཁྲོམ་གཞུང་དང་སྨན་ཁང་སོགས་སྡེ་ཚན་དང་མཉམ་དུ་ཐག་གཅོད་བྱེད་པ། ཞབས་ཞུའི་ཁྱབ་ཁོངས་ལས་བརྒལ་རིགས་དུས་ཐོག་ཏུ་དམངས་སྲིད་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལ་སྙན་སེང་ཞུས་ནས་སྲིད་ཇུས་ཀྱི་རོགས་སྐྱོར་ཐོབ་པ་བཅས་བྱེད་པ་མ་ཟད། ཞབས་འདེགས་ཞུས་ཚར་རྗེས་བསྐྱར་དུ་འཚམས་ལན་ཞུས་ཏེ་རྒན་རྒོན་ཚོའི་རེ་ཞུ་རེ་རེ་བཞིན་དོན་འཁྱོལ་བྱེད་ཀྱི་ཡོད།
ཞབས་འདེགས་ཞུ་རིང་། ཚོགས་པར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཅིང་། རྒན་རྒོན་ཁག་གཅིག་གིས་ཞབས་ཞུར་སུན་སྣང་དང་མི་འདོད་པའི་རྣམ་འགྱུར་བསྟན་སྐབས་དང་བླངས་པ་ཚོས་ངང་རྒྱུད་རིང་པོས་འབྲེལ་བ་བྱས་ཏེ“རང་འགུལ་ངང་སྒོ་རྩར་བསྐྱོད་པ”དེ“དགོས་མཁོ་ལྟར་སྒྲུབ་པར” འགྱུར་བ་མ་ཟད། ཁྱིམ་མཚེས་ཀྱིས་ཁ་ཏ་བརྒྱུད་རིམ་བཞིན་ཡིད་ཆེས་ཐོབ་པར་བྱས་ཡོད། དང་བླངས་པར་དུས་ཚོད་དང་སྐབས་མི་འཁེལ་བ་དང་རུ་མི་མི་འདང་བའི་གནས་ཚུལ་འཕྲད་སྐབས་ཁྲོམ་གཞུང་གི་ལས་བྱེད་པ་དང་། ཁོངས་གཏོགས་ཁུལ་གྱི་ཚོང་དུད། ལས་ཞུགས་ཚོགས་སྤྱི་གསར་པ་བཅས་དུས་ཐོག་ཏུ་སྐུལ་སློང་བྱེད་ཀྱི་ཡོད། ཆེད་ལས་ནད་སྐྱོང་གི་ཞན་ཆར་དམིགས་ནས་སྨན་བཅོས་སྒྲིག་གཞི་དང་མཉམ་དུ་མྱུར་སྐྱོབ་དང་ནད་སྐྱོང་གསོ་སྦྱོང་བྱས་ཏེ། ནང་ལས་བྱེད་མི་ཐུབ་པ་དང་གཅོང་ནད་ཕོག་པའི་རྒན་རྒོན་ལ་ཞབས་ཞུའི་ཇུས་གཞི་བཟོས་ནས་དང་བླངས་ཞབས་ཞུའི་བདེ་འཇགས་རང་བཞིན་དང་ཆེད་ལས་རང་བཞིན་ཆེ་རུ་བཏང་ཡོད།
དང་བླངས་ཞབས་ཞུ་བརྟན་སྲུང་གིས་དམངས་སེམས་གཅིག་ཏུ་བསྒྲིལ་བས།
སྡེ་ཁུལ་གྱི་རྒན་གསོའི་བྱེད་ཐབས་དེ་བས་བཟང་།
“སྤུ་གུས་དྲིལ་བསྒྲགས”དང་བླངས་པའི་ཞབས་ཞུ་རུ་ཁག་དེ་སྡེ་ཁུལ་གྱི་ཏང་ཡོན་དང་གཞན་ཕན་སྒྲུབ་པར་སྤྲོ་བའི་གྲོང་མི་ལས་གྲུབ་ཅིང་། ཚང་མར་སོ་སོའི་ལས་ཀ་དང་འཚོ་བ་ཡོད་མོད། འོན་ཀྱང་ཐོག་མཐའ་བར་གསུམ་དུ་དམངས་ལ་བྱ་བ་དངོས་སྒྲུབ་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ཏེ་རྒན་རྒོན་ལ་གཅེས་སྐྱོང་བྱ་རྒྱུ་དེ་འགན་འཁྲི་དང་འོས་འགན་དུ་བརྩི་གི་ཡོད། རྒྱུན་དུ་འཚོ་བར་རོགས་སྐྱོར་དང་ལྟ་སྐྱོང་བྱེད་དགོས་པའམ་ཡང་ན་སློབ་ཚན་ཟུར་ཁྲིད་དང་རོགས་རམ་བྱེད་དགོས་པའི་སྐབས་སུ་དང་བླངས་པ་ཚོས་རོགས་རམ་བྱེད་ཅིང་། རྒན་རྒོན་གྱི་ངོ་གདོང་ནས་འཛུམ་མདངས་འཕྱུར་བ་དང་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་སྐབས་ཚང་མས་ལས་དོན་མུ་མཐུད་སྒྲུབ་པའི་སེམས་ཤུགས་ཆེ་རུ་འགྲོ་གི་ཡོད།
ཚོགས་པ་བཙུགས་པ་ནས་ད་བར། མེད་པ་ནས་ཡོད་པའི་བར་དང་ཡོད་པ་ནས་ལེགས་པའི་བར་འགྱུར་ལྡོག་བྱུང་སྟེ་རྒན་རྒོན་ཚོའི་འཚོ་བའི་དཀའ་ངལ་དང་། སྨན་པ་བསྟེན་དཀའ་བ། ལྟ་སྐྱོང་བྱེད་མཁན་མེད་པ་སོགས་ཀྱི་གནད་དོན་དངོས་ཐག་གཅོད་ནུས་ལྡན་ཐུབ་ནས་རྒན་རྒོན་གྱི་སྐྱིད་སྣང་དང་བདེ་འཇགས་ཚོར་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། སྡེ་ཁུལ་དེ་ཡང་དོ་དམ་རྣམ་པ་ནས་ཞབས་ཞུའི་རྣམ་པ་དང་དྲོ་སྐྱིད་རྣམ་པ་བཅས་སུ་འགྱུར་ལྡོག་ཕྱིན་ནས་ཁྱིམ་མཚེས་དབར་ཕན་ཚུན་རོགས་རམ་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པས་གཞི་རིམ་བཅོས་སྐྱོང་དང་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལ་རྨང་གཞི་བརྟན་པོ་བཏིང་ཡོད།
འབྲེལ་ཡོད་གསར་འགྱུར།