དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཅེས་སེམས་ཉིན་བྱེད་འོད་སྣང་ལས་། རྒན་རྒོན་འཚོ་བར་དྲོ་སྐྱིད་སྦྱིན།

    ——ལྷ་ས་གྲོང་ཁྱེར་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱིས་དམངས་འཚོར་ཞབས་འདེགས་ཞུས་ནས་རྒན་རྒོན་གྱི་འཚོ་བར་ལྟ་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-15

    འདི་ནི་ཁོངས་གཏོཌ་ཁུལ་གྱི་མང་ཚོགས་ཚོས་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི་ཞབས་བྲོ་ཁང་དུ་དགའ་སྤྲོའི་ངང་ཞབས་བྲོ་འཁྲབ་བཞིན་པ།

    འདི་ནི་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི་བོད་ལུགས་སྨན་ཁང་གི་སྨན་པས་མང་ཚོགས་ལ་བདེ་ཐང་སྨན་བཅོས་བྱེད་བཞིན་པ།

    འདི་ནི་མང་ཚོགས་ཚོས་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི“རྒན་གཅིག་གཞོན་གཅིག”གི་དམངས་ཕན་ཇ་ཁང་དུ་ངལ་གསོ་རྒྱག་བཞིན་པ།

    འདི་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གི་ཏང་སྤྱི་ཁྱབ་ཀྲི་པུས་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི་བོད་ལུགས་སྨན་ཁང་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱིས་རྒན་རྒོན་ལ་ཞབས་འདེགས་ཞུ་རྒྱུ་ཐོག་མཐའ་བར་གསུམ་དུ་སྡེ་ཁུལ་ལས་དོན་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ཚོགས་སྤྱིའི་གྲངས་འབོར་མང་བ་དང་། དགོས་མཁོ་སྣ་མང་ཅན། ལུས་གསོའི་དགོས་མཁོ་དམིགས་བསལ་བཅས་ཀྱི་དོན་དངོས་ལ་གཞིགས་ཏེ། རྒན་གསོར་འཚམ་པའི་ཞབས་ཞུའི་ས་ཚིགས་ལྟེ་བར་འཛིན་པ་དང་། “གནད་སྨིན་ཞབས་ཞུ་དང་། ཆེད་ལས་འགན་སྲུང་། མཉམ་བཅོས་མཉམ་སྤྱོད”བཅས་ཀྱི་གཙོ་རྐང་ཆེན་པོ་གསུམ་ལ་དམ་པོར་དམིགས་པ། ཞབས་ཞུའི་བརྒྱུད་རིམ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་སྤུས་ནུས་ལེགས་སུ་གཏོང་བ་བཅས་བྱས་ནས། རྒན་གསོའི་ཞབས་ཞུ“ཁྱོན་ཡོངས་ལ་ཁྱབ་པ”ནས“གནད་སྨིན་ཇུས་འདོན”བར་དང་། “གཞན་སྐུལ་སྨན་བཅོས”ནས“རང་འགུལ་བདེ་ཐང་དོ་དམ”བར། “ཕྱོགས་རྐྱང་མཁོ་སྤྲོད”ནས“ཕྱོགས་མང་ཞུགས་པའི”བར་བཅས་སུ་འགྱུར་བར་བྱས་ཡོད། སེམས་རྩ་འཁོལ་བས་ཞབས་ཞུ་དང་། ཆེད་ལས་འགན་སྲུང་། བྱམས་བརྩེའི་བཅོས་སྐྱོང་བཅས་ཀྱི་ཐོག་ནས་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ལ་བདེ་སྐྱིད་ལྡན་པའི་ཚེ་མཇུག་འཚོ་བའི་ཁོར་ཡུག་བསྐྲུན་ཡོད།

    ① གནད་སྨིན་ཞབས་འདེགས་ཞུས་ནས་དམངས་སེམས་དྲོ་བར་བྱེད་པ།

    གྲྭ་བཞི་གྲོང་གསར་སྡེ་ཁུལ་དུ་རྒྱུན་སྡོད་མི་འབོར་4718ཡོད་པ་དང་། ལོ་60ཡན་གྱི་རྒན་རྒོན་གྱིས་36%བཟུང་ཡོད། དེའི་ནང་ལོ་75ཡན་གྱི་རྒན་རྒོན་14དང་མི་ཧྲེང་རྒན་རྒོན་6ཡོད་པ་དང་། དེ་མིན་གྱི་ཡུན་རིང་རྒྱུན་སྡོད་ཕྱོགས་མི་མི་ཧྲེང་རྒན་རྒོན་3ཡོད། རྒན་རྒོན་ཚོགས་སྤྱིའི་གཞི་གྲངས་ཆེ་བ་དང་ཞབས་ཞུའི་དགོས་མཁོ་སྣ་མང་གི་དོན་དངོས་ལ་གཞིགས་ནས་སྡེ་ཁུལ་གྱིས་ཉེ་སར་འགན་སྲུང་དང་གནད་སྨིན་སྦྲེལ་མཐུད་མཐའ་འཁྱོངས་བྱེད་པ་དང་། རྒན་རྒོན་ཚོགས་སྤྱིའི་ཧེ་བག་ཅན་གྱི་དགོས་མཁོར་དམ་པོར་དམིགས་ཏེ། ཁ་ལག་དང་། སྨན་རྫས། རྒྱུན་གཏན་གྱི་ལྟ་རྟོག སྨན་བཅོས་ལྟ་སྐྱོང་སོགས་དམངས་འཚོའི་དོན་དངོས་ལ་དམིགས་ནས“སྐར་མ་བཅོ་ལྔའི་རྒན་གསོའི་ཞབས་ཞུའི་འཁོར་རྒྱ”ཞིབ་ཚགས་བཏོད་ཡོད།

    རྒན་རྒོན་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ནས་རེ་ཞུར་ལན་ཡོད་པ་དང་ཞབས་འདེགས་ཡག་པོ་ཞུ་ཐུབ་པ་བྱ་ཆེད། སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ལ་ཆེད་མངགས་གཅེས་སེམས་འབྲེལ་གཏུག་གཱ་བཟོས་ནས་སྤྲད་དེ་རྒན་རྒོན་གྱི་རོགས་སྐྱོབ་ལས་སྒྲུབ་ཀྱི་སྟབས་བདེའི་བགྲོད་ལམ་བཏོད་ཡོད།

    མི་ཧྲེང་རྒན་རྒོན་ཕྱོགས་མིར་དམིགས་ཏེ་སྡེ་ཁུལ་གྱིས་ཐེམ་ཐོའི་ཚོད་འཛིན་དང་ཐོབ་ཐང་གི་དབྱེ་མཚམས་མེད་པར་བཟོས་ཤིང་། ཁོང་ཚོ་རྒན་གསོའི་ཞབས་ཞུའི་འགན་ལེན་མ་ལག་ནང་བཅུག་ནས་རིན་མེད་ཁ་ལག་མཁོ་འདོན་གྱིས་གཞི་རྩའི་འཚོ་བའི་དཀའ་གནད་བསལ་བ་མ་ཟད། དྲ་མིག་པའི་གཅིག་གཏད་གཅིག་གི་ཆ་སྒྲིག་རོགས་སྐྱོར་བྱ་ཐབས་ལག་ལེན་བསྟར་ནས་དུས་བཀག་ལྟར་ཁྱིམ་དུ་ལྟ་བར་སྐྱོད་པ་དང་ཅི་འཕྲོས་མོལ་འཕྲོས་ཀྱིས་རྒན་རྒོན་གྱི་འཚོ་བའི་དགོས་མཁོ་དང་བསམ་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་རྒན་རྒོན་ཚང་མར་སྡེ་ཁུལ་དུ་དྲོ་སྐྱིད་ཚོར་ཐུབ་པར་བྱས་ཡོད།

    དྲ་མིག་པས་ཉིན་ལྟར་ཡུག་ཁུལ་གྱི་རྒན་རྒོན་ཚང་མའི་སར་བསྐྱོད་དེ་རྒན་རྒོན་གྱི་གཟུགས་པོའི་གནས་ཚུལ་དང་འཚོ་བའི་དགོས་མཁོ་ཐོ་འགོད་ཞིབ་ཕྲ་བྱེད་པ་དང་སྐབས་བསྟུན་དོ་དམ་གྱི་རྩིས་དེབ་བཟོས་ནས་རྒན་རྒོན་གྱིས་བཏོན་པའི་རེ་ཞུ་སྣ་ཚོགས་ཉིན་དེ་རང་ལ་ཐོ་འགོད་དང་། ཉིན་དེ་རང་ལ་ཐག་གཅོད། ཉིན་དེ་རང་ལ་ལན་སྤྲོད་བཅས་བྱས་པས་དགོས་མཁོ་བསྡུ་རུབ་དང་། ཞབས་ཞུ་དང་ལེན། ཐག་གཅོད་ལན་སྤྲོད་བཅས་ཀྱི་ལས་ཀའི་འཁོར་སྦྲེལ་ཆ་ཚང་ཞིག་ཆགས་ཡོད། ལམ་སྲོལ་དེ་བརྒྱུད་རྒན་གསོའི་ཞབས་ཞུ་གནད་སྨིན་འབྲེལ་མཐུད་དང་ནུས་ཆེ་དོན་འཁྱོལ་ཐུབ་ཡོད།

    ② བདེ་ཐང་སྲུང་སྐྱོང་ལ་ཆེད་ལས་ཀྱི་འགན་སྲུང་ཡོད་པ།

    སྡེ་ཁུལ་གྱིས་བོད་ལུགས་གསོ་རིག་གི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ནས་བོད་ཀྱི་སྡེ་ཁུལ་གྱི་བོད་ལུགས་སྨན་ཁང་ཐོག་མ་དེ་བསྐྲུན་པ་དང་། “སྡེ་ཁུལ་གྱིས་ལས་སྟེགས་སྐྲུན་པ་དང་། སྨན་ཁང་ནས་བཅའ་སྡོད་བྱེད་པ། ཐོན་ཁུངས་གཤམ་སྤེལ་བྱེད་པ། སྒོ་རྩར་ཞབས་འདེགས་ཞུ་བ”བཅས་ཀྱི་བྱེད་སྟངས་སྤྱད་དེ། སྤུས་ལེགས་ཀྱི་བོད་ལུགས་གསོ་རིག་སྨན་བཅོས་ཐོན་ཁུངས་སྡེ་ཁུལ་དུ་ཁྱབ་པ་དང་མང་ཚོགས་དང་ཉེ་བཅར་ཐུབ་པར་སྐུལ་འདེད་བཏང་ནས། “རྨང་གཞིའི་ནད་བརྟག་སྨན་བཅོས་དང་། ཁྱད་ལྡན་ལུས་གསོ། སྒོ་རྩར་ཞབས་འདེགས་ཞུ་བ། ཐོགས་མེད་སྨན་ཁང་སྒྱུར་བ”བཅས་ཀྱི་འཁོར་སྦྲེལ་ཧྲིལ་པོའི་བདེ་ཐང་ཞབས་ཞུའི་མ་ལག་བཙུགས་པ་དང་། སྡེ་ཁུལ་གྱི་རྒན་རྒོན་ཚོ“ན་དུས་གཞི་ནས་སྨན་པ་བསྟེན་པའི”གཞན་སྐུལ་གྱི་རྣམ་པ་ནས“རྒྱུན་གཏན་ནས་བདག་གཅེས་དང་རང་འགུལ་ངང་དོ་དམ་བྱེད་པའི”རྣམ་པར་བསྒྱུར་བར་སྐུལ་འདེད་བཏང་སྟེ་རྒན་གསོར་འཚམ་པའི་ཞབས་ཞུར་ཆེད་ལས་ཀྱི་སྟོབས་ཤུགས་བསྣན་ཡོད།

    ཆེད་ལས་སྨན་བཅོས་ཐོན་ཁུངས་གཤམ་སྤྲོད་བྱེད་པ་ནི་སྡེ་ཁུལ་གྱི་ལུས་གསོའི་ཞབས་ཞུ་སྤུས་འབྲས་ལེགས་གཉེར་ཡོང་བའི་འགག་རྩ་རེད། སྡེ་ཁུལ་གྱིས་བོད་ལྗོངས་བོད་ཁམས་བོད་ལུགས་སྒོ་བསྟེན་སྨན་ཁང་དང་མཉམ་ལས་གཏིང་ཟབ་བྱེད་པ་དང་སྡེ་ཁུལ་གྱིས་ཞབས་འདེགས་ཞུ་ཡུལ་མཁོ་འདོན་བྱས་ནས་སྨན་ཁང་གིས་ཆེད་ལས་སྨན་བཅོས་ཚོགས་པ་རྒྱུན་སྡོད་སྨན་བཅོས་བྱེད་པར་མངགས་གཏོང་བྱས་ཏེ། ལག་རྩལ་གྱི་འདེགས་སྐྱོར་དང་ནད་བརྟག་སྨན་བཅོས་ཀྱི་ཞབས་འདེགས་ཞུས་ནས་ཕྱོགས་གཉིས་དབར་ལེགས་ཆ་གསབ་རེས་དང་ཐོན་ཁུངས་མཉམ་སྤྱོད་བྱས་ཡོད།

    རྒན་རྒོན་ཚོའི་སྒོ་འགྲམ་གྱི“བདེ་ཐང་ས་ཚིགས”ཡིན་པའི་ངོས་ནས་སྡེ་ཁུལ་གྱི་བོད་ལུགས་སྨན་ཁང་གིས་ཀུན་ཕན་རང་བཞིན་དང་། སྤྱི་ཕན་རང་བཞིན། རང་ཡུལ་ཅན་བཅས་ཀྱི་ངེས་གནས་མཐའ་འཁྱོངས་བྱས་ཏེ། ཉིན་ལྟར་ཆེད་ལས་ཀྱི་བོད་ལུགས་གསོ་རིག་སྨན་པ་2བཀོད་སྒྲིག་བྱས་ནས་ཉིན་རེར་ཆ་སྙོམས་རྒན་རྒོན་མི་ཐེངས་20ལ་ནད་བརྟག་སྨན་བཅོས་བྱེད་ཀྱི་ཡོད། སྡེ་ཁུལ་གྱི་བོད་ལུགས་སྨན་ཁང་གིས་བཏོན་པའི་རྒྱུན་མཐོང་ནད་ཀྱི་རྨང་གཞིའི་ནད་བརྟག་སྨན་བཅོས་དང་། ཁྲག་ཤེད་དང་ཁྲག་མངར་ལྟ་ཞིབ་ཚད་ལེན། བྱུག་པ་རྒྱག་པ་སོགས་སྨན་ཡོན་མི་དགོས་པའི་ལུས་གསོའི་ཞབས་ཞུ་སྣ་ཚོགས་ལས་རྒན་རྒོན་གྱི་ནད་ལྟ་བའི་ཁུར་པོ་ཡང་དུ་ཏན་ཏིག་ཕྱིན་ཡོད།

    བདེ་ཐང་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་གཏོང་ཆེད། བོད་ལུགས་སྨན་ཁང་གིས་ཁོངས་གཏོགས་ཁུལ་གྱི་ལོ་ན་མཐོ་བ་དང་། ཁེར་སྡོད། རང་རྐྱ་མི་འཕེར་བ་བཅས་ཀྱི་རྒན་རྒོན་ཚོགས་སྤྱིར་དམིགས་ནས་དུས་བཀག་ལྟར་སྒོ་རྩར་ནད་བརྟག་དང་། བྱུག་པ་རྒྱག་པ། བདེ་ཐང་གི་གྲངས་གཞིར་ལྟ་ཞིབ་ཚད་ལེན། བདེ་ཐང་གི་ཡིག་ཚགས་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཞབས་འདེགས་ཞུ་གི་ཡོད། ལུས་གསོའི་དངོས་ཁམས་གསོ་བཅོས་བྱེད་དགོས་པའི་རྒན་རྒོན་ལ་བོད་ཁམས་བོད་ལུགས་སྒོ་བསྟེན་སྨན་ཁང་གིས་ད་དུང་བོད་ལུགས་གསོ་རིག་གི་ལུམས་བཅོས་སོགས་ཀྱི་ཁྱད་ལྡན་དངོས་ཁམས་གསོ་བཅོས་ཞབས་འདེགས་ཞུས་པ་མ་ཟད། སྨན་བཅོས་འགན་བཅོལ་གཱ་སྤྱད་དེ་འགྲོ་སོང་རྩིས་རྒྱག་ཆོག་པས་རྒན་རྒོན་གྱི་སྨན་བཅོས་མ་གནས་དམའ་རུ་སོང་ནས་ཆེད་ལས་སྨན་བཅོས་ཞབས་ཞུ་སྔར་བས་ལེགས་སུ་ཕྱིན་ཡོད།

    ③ མཉམ་དུ་བཅོས་སྐྱོང་དང་བེད་སྤྱོད་བྱས་ནས་དམངས་འཚོར་ཕན་པ་བཏགས་པ།

    སྡེ་ཁུལ་གྱི“རྒན་གཅིག་གཞོན་གཅིག”གི་ཟ་ཁང་ནི་མཉམ་བཅོས་མཉམ་སྤྱོད་འདུ་ཤེས་ཀྱི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན་ཞིང་། ཟ་ཁང་གིས་སྤྱི་ཕན་ཀུན་ཕན་གྱི་ངེས་གནས་ལ་གཞི་ཚུགས་ཏེ་རིམ་པ་དང་རིགས་དབྱེའི་དམངས་ཕན་བྱེད་ཐབས་ལག་ལེན་བསྟར་བ་དང་། རྒན་རྒོན་དང་། མངགས་སྐྱེལ་བ། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ། ཁོར་ཡུག་འཕྲོད་བསྟེན་ལས་བཟོ་སོགས་ཀྱི་ཚོགས་སྤྱིར་གཟིགས་སྐྱོང་གི་ཁ་ལག་ཟ་བའི་ཞབས་འདེགས་ཞུས་པ་དང་། མི་ཧྲེང་རྒན་རྒོན་དང་། གཞིས་ལུས་བྱིས་པ། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིར་རིན་མེད་ངང་ཁ་ལག་ཟ་རུ་བཅུག་གི་ཡོད། འགུལ་སྐྱོད་སྟབས་བདེ་མེད་པའི་ལོ་ན་མཐོ་བ་དང་ཁེར་སྡོད་རྒན་རྒོན་ལ་ཟ་ཁང་ནས་རིན་མེད་ངང་ཁ་ལག་ཁྱིམ་དུ་སྐྱེལ་བའི་ཞབས་འདེགས་ཞུས་ནས་རྒན་རྒོན་གྱི་ཁ་ལག་ཟ་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད།

    མཉམ་སྐྱོང་མཉམ་སྤྱོད་བྱེད་པར་མི་ཚང་མས་ཞུགས་པ་དང་ཕྱོགས་མང་མཉམ་ལས་བྱ་རྒྱུ་གལ་འགངས་ཆེ། སྡེ་ཁུལ་གྱིས་དང་བླངས་ཞབས་ཞུའི་སྟོབས་ཤུགས་སྐྱེད་སྲིང་ཧུར་ཐག་བྱས་པ་དང་། ཁོངས་གཏོགས་ཁུལ་གྱི་གཞོན་ནུ་དང་མཉམ་སྐྲུན་ཚན་པའི་དང་བླངས་པ་སྒྲིག་འཛུགས་བྱས་ནས། རྒྱུན་རྣམ་ཅན་གྱི་རྒན་བཀུར་རྒན་གཅེས་དང་། གཅེས་སེམས་རོགས་སྐྱོར། ཤེས་དཔལ་ལག་ལེན་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། གཞན་ཡང་། སྡེ་ཁུལ་གྱིས“གཞོན་པས་རྒན་པར་རོགས་སྐྱོར་བྱེད་པའི”རྣམ་པ་གསར་དུ་ཁྱབ་སྤེལ་བཏང་ནས། གཟུགས་གཞི་བདེ་ལ་ལོ་ན་དེ་ཙམ་མཐོ་པོ་མེད་པའི་རྒན་རྒོན་དང་ལོ་ན་མཐོ་བའི་རྒན་རྒོན་དང་ཁེར་སྡོད་རྒན་རྒོན་དབར་ཆ་སྒྲིག་རོགས་སྐྱོར་གྱི་ཁྲིད་སྟོན་བྱས་པ་དང་། ཁྱིམ་མཚེས་རོགས་རེས་བྱས་ནས་དྲོ་སྐྱིད་སྦྱིན་པ་རེད།

    སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་ཀྱི་སྟོབས་ཤུགས་ཀྱང་སྡེ་ཁུལ་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ཡོད་དེ། གཅེས་སེམས་ཁེ་ལས་དང་ཚོང་དུད་ཀྱིས་དུས་བཀག་ལྟར་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱས་ནས། ཁོངས་གཏོགས་ཁུལ་གྱི་ཕྱོགས་མིའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ཁང་གླ་སྤྲོད་རོགས་དང་། དངོས་ཟོག་ཞལ་འདེབས། དུས་ཆེན་གྱི་འཚམས་འདྲི་ཞུ་བ་སོགས་བྱས་ཏེ། མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་ཐུབ་པ་རེད། ཁོངས་གཏོགས་ཁུལ་གྱི་མཉམ་སྐྲུན་ཚན་པས་ཐོན་ཁུངས་ཀྱི་ལེགས་ཆ་བཏོན་ནས། རྒན་རྒོན་ཚོར་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་དང་། བཅའ་ཁྲིམས་རོགས་སྐྱོར། རིག་གནས་དང་ལུས་རྩལ་གྱི་བྱེད་སྒོ། རིག་ནུས་སྒྲིག་ཆས་བེད་སྤྱོད་བྱེད་སྟངས་མཛུབ་ཁྲིད་སོགས་ཀྱི་དམངས་ཕན་ཞབས་འདེགས་ཞུས་ཏེ། རྒན་གསོའི་ཞབས་ཞུ་དེ་བས་ལེགས་སུ་དང་དེ་བས་འཐུས་སྒོ་ཚང་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།