རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2026ལོའི་ལོ་འཁོར་གྱི་ཁྲིམས་འཛུགས་ལས་དོན་གྱི་འཆར་གཞི》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉིན་ཤས་གོང《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2026ལོའི་ལོ་འཁོར་གྱི་ཁྲིམས་འཛུགས་ལས་དོན་གྱི་འཆར་གཞི》(གཤམ་དུ《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་འཛུགས་འཆར་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་འཛུགས་འཆར་གཞིའི》ནང་དུ་བཏོན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2026ལོའི་ལོ་འཁོར་གྱི་ཁྲིམས་འཛུགས་ལས་དོན་གྱི་སྤྱིའི་བླང་བྱ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་ཡོང་བ་མཐའ་འཁྱོངས། དེ་བས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་པ་དང་དེ་བས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་ལ་དམིགས་པ། ཁྲིམས་སྐྱོང་དང་། སྒྱུར་བཅོས། འཕེལ་རྒྱས། བརྟན་ལྷིང་བཅས་ཕན་ཚུན་མཐུན་སྦྱོར་ཡོང་བར་དེ་བས་མཐོང་ཆེན། སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བར་འགན་ལེན་དང་སྐུལ་འདེད་གཏོང་རྒྱུར་དེ་བས་མཐོང་ཆེན། བཟོ་བཅོས་དོར་འབྲེལ་རྣམ་བཞིར་སྤྱི་འདོམས། གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ། ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས།
《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་འཛུགས་འཆར་གཞིའི》ནང་དུ་ནན་བཤད་བྱས་དོན། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་བདེ་འཇགས་སྲུང་སྐྱོང་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་བདེ་བླག་ངང་མངོན་འགྱུར་ཡོང་བར་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་དགོས་ཤིང་། གཅིག་ནས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཛུགས་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པར་དམིགས་ཏེ། དངུལ་རྩའི་བཅའ་ཁྲིམས་ཀྱི་འཆར་ཟིན་དང་འོས་སྐུལ་འོས་དཔོད་ཀྱི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གསལ་པོ་བཀོད་ནས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེ་མོ་འཛུགས་སྐྱོང་གི་སྲོལ་ཡིག་སོགས་བཟོ་དགོས། གཉིས་ནས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་དམིགས་ཏེ། སྲིད་འཛིན་བསྐྱར་གྲོས་ཀྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་དང་སྲིད་འཛིན་ཁྲིམས་སྲོལ་བཟོ་བའི་བརྒྱུད་རིམ་གྱི་སྲོལ་ཡིག་སོགས་ལ་བཟོ་བཅོས་རྒྱག་དགོས། གསུམ་ནས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་སུ་གཏོང་བ་དང་མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་དམིགས་ཏེ། དགེ་རྒན་གྱི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གསལ་པོ་བཀོད་ནས། དྲ་སྦྲེལ་ཆ་འཕྲིན་ཞབས་ཞུའི་དོ་དམ་བྱ་ཐབས་སོགས་ལ་བཟོ་བཅོས་རྒྱག་དགོས། བཞི་ནས། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ཇེ་མགྱོགས་སུ་གཏོང་བར་དམིགས་ཏེ། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གསལ་པོ་བཀོད་ནས། ཆུ་མཁོ་འདོན་སྲོལ་ཡིག་བཟོ་བ་དང་སྨན་རྫས་དོ་དམ་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག་སོགས་ལ་བཟོ་བཅོས་རྒྱག་དགོས། ལྔ་ནས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་དམིགས་ཏེ། ཡོམ་འགོག་གེགས་སེལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གསལ་པོ་བཀོད་ནས། ཐོན་སྐྱེད་བདེ་འཇགས་དོན་རྐྱེན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་སྲོལ་ཡིག་སོགས་ལ་བཟོ་བཅོས་རྒྱག་དགོས། དྲུག་ནས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བར་ཞབས་འདེགས་ཞུ་བར་དམིགས་ཏེ། འགག་སྒོའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གསལ་པོ་བཀོད་ནས། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བདེ་འཇགས་ཡོང་བར་བྱེད་པའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་བཟོ་བ་དང་། ཕྱིར་གཏོང་ནང་འདྲེན་ཚོང་ཟོག་གི་ཐོན་ཡུལ་སྲོལ་ཡིག་སོགས་ལ་བཟོ་བཅོས་རྒྱག་དགོས། དེ་དང་དུས་མཚུངས《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་འཛུགས་འཆར་གཞིས》མི་ཐབས་རིག་ནུས་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་མྱུར་པོ་གཏོང་བའི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་འཛུགས་བཀོད་སྒྲིག་བྱས་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་། སྲིད་གཞུང་གི་འགན་ནུས་སྒྱུར་མགྱོགས་སུ་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ། ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་པོས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་མྱུར་པོ་གཏོང་བར་མཁོ་ཆེ་བ་སོགས་ཀྱི་ཁྲིམས་འཛུགས་རྣམ་གྲངས་ལ་ཕྱོགས་བསྡུས་རང་བཞིན་གྱི་བཀོད་སྒྲིག་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།