དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལོ་རྒྱུས་ཆེ་མོའི་ལྟ་བར་བརྟེན་ནས་ཀྲུང་ཨའི་འབྲེལ་བའི་འཕེལ་ཕྱོགས་ལ་སྟངས་འཛིན་བྱེད་དགོས།

    ཀྲུང་ཧྲེང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-14

    ཀྲུང་ཨའི་གཙོ་བདག་དབར་གྱི་ཞལ་འཛོམས་གོ་སྐབས་སུ་བྱས་ཏེ་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་ཡང་དག་པའི་མཉམ་གནས་ཀྱི་ལམ་བུ་ཞིག་མཉམ་དུ་བཏོད་ནས་ཕན་ཚུན་གྲུབ་འབྲས་ཐོབ་པ་དང་མཉམ་དུ་དར་རྒྱས་ཡོང་བ་བྱས་ཏེ་འཛམ་གླིང་ལ་ཕན་པ་འདོགས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

    ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཟླ་5ཚེས་13ནས་15ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། དེ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་འདི་ལོ་ཞལ་འཛོམས་གནང་ཐེངས་དང་པོ་ཡིན་ལ། ལོ་9སོང་རྗེས་སླར་ཡང་པེ་ཅིང་དུ་ཞལ་འཛོམས་གནང་བ་ཞིག་ཡིན་ཞིང་། དེར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་པ་དང་འབྲེལ་རེ་སྒུག་ཀྱང་བྱེད་ཅིང་། ད་ཐེངས་ཀྱི་ཀྲུང་ཨའི་གཙོ་བདག་དབར་གྱི་ཞལ་འཛོམས་ཀྱིས་ཟང་ཟིང་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དེ་བས་མང་བ་བསྐྲུན་ནས་ཞི་བདེ་འཕེལ་རྒྱས་ཆེད་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པ་དང་རྒྱལ་ཁབ་ཆེན་པོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

    ཀྲུང་ཨའི་འབྲེལ་བར་སྟངས་འཛིན་བྱེད་པར་དེ་བས་ཡངས་པའི་མཐོང་རྒྱ་དང་དེ་བས་རིང་བའི་མིག་རྒྱང་ལྡན་དགོས། འདས་ཟིན་པའི་དུས་རབས་ཕྱེད་ཀ་ལྷག་ཙམ་ལ་ཕྱིར་མིག་བལྟས་ཚེ། རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཀྱི་དོན་རྐྱེན་གལ་ཆེ་ཤོས་ཤིག་ནི་ཀྲུང་ཨའི་འབྲེལ་བ་སླར་གསོ་དང་འཕེལ་རྒྱས་སོང་ནས་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་ཕན་བདེ་བསྐྲུན་པ་དེ་ཡིན་པ་དང་། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ། ཀྲུང་ཨ་རྒྱལ་ཁབ་གཉིས་པོས་ཡང་དག་པའི་མཉམ་གནས་ཀྱི་ལམ་བུ་འཚོལ་ཐུབ་མིན་དེས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་ཤུགས་རྐྱེན་ཟབ་མོ་ཐེབས་རྒྱུ་རེད། མི་རིང་བའི་གོང་། 《ཉིའུ་གཡོད་སྐབས་དོན་ཚགས་པར》གྱི་རྩོམ་ཡིག་གཅིག་ནང“ཀྲུང་གོ་འགྱུར་འདུག”དང“ད་ཆའི་ཀྲུང་གོས་འབྱུང་འགྱུར་གྱི་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་འགོ་ཚུགས་ཡོད”ཅེས་འཁོད་ཡོད། དོན་དངོས་ཐོག་ལོ་བརྒྱའི་འགྱུར་ལྡོག་འོག་ཀྲུང་ཨ་རྒྱལ་ཁབ་གཉིས་སམ་ཡང་ན་འཛམ་གླིང་ཧྲིལ་པོར་འགྱུར་ལྡོག་གཏིང་ཟབ་བྱུང་མོད། འོན་ཀྱང་ཀྲུང་གོ་ཕྱོགས་ཀྱིས་ཨ་རིར་འཛིན་པའི་སྲིད་ཇུས་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཁེ་བཅས་མཐའ་འཁྱོངས་བྱེད་ཀྱི་ཡོད། ལོ་རྒྱུས་ཆེ་མོའི་ལྟ་བའི་ཐོག་ནས་ཞིབ་ལྟ་བྱས་ཚེ། ཀྲུང་ཨའི་མཉམ་ལས་ཀྱིས་གོ་ལ་ཧྲིལ་པོའི་གནས་སྟངས་ལ་ནུས་པ་སྔར་བས་ཆེ་བ་ཐོན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་དེ་སྔའི་དུས་སྐབས་གང་རུང་ཞིག་ལས་འཐབ་ཇུས་རང་བཞིན་དང་། དགེ་མཚན་རང་བཞིན། བརྟན་ལྷིང་རང་བཞིན་བཅས་ལྡན་པའི་ཀྲུང་ཨའི་འབྲེལ་བ་ཞིག་འཛུགས་དགོས་ཀྱི་ཡོད། ཕྱོགས་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་། བརྟན་པོ། རྒྱུན་མཐུད་ཆོག་པ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་གི་ཁེ་ཕན་དང་མཐུན་པའི་གདམ་ག་ཞིག་དང་། ལོ་རྒྱུས་དང་། མི་དམངས། འཛམ་གླིང་བཅས་ལ་འགན་འཁུར་བའི་བྱེད་སྟངས་ཤིག་རེད།

    གཙོ་བདག་དབར་གྱི་ཕྱི་འབྲེལ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཨའི་འབྲེལ་བའི“ཕྱོགས་སྟོན་འཁོར་ལོ”དང“ཚད་འཛིན་ས”ཞིག་ཡིན་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཚབ་བྱེད་ཐབས་བྲལ་བའི་འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་པ་འདོན་བཞིན་ཡོད། འགོག་རྐྱེན་དང་འགྲན་སློང་གི་མདུན་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁ་ལོ་སྒྱུར་མཁན་ཞིག་ཡིན་པའི་ངོས་ནས་ཁ་ཕྱོགས་སྟངས་འཛིན་ཡག་པོ་དང་སྤྱི་ཡོངས་ལ་ཁ་ལོ་སྒྱུར་ཐུབ་ཚེ། གཞི་ནས་ཀྲུང་ཨའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་དེ་བརྟན་པོའི་ངང་མདུན་ཕྱོགས་སུ་སྐྱོད་ཐུབ། འདས་ཟིན་པའི་ལོ་གཅིག་ལྷག་ཙམ་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་མོལ་ཐེངས་མང་གནང་བ་དང་འབྲེལ་ཧྥུའུ་ཧྲན་དུ་ཞལ་འཛོམས་གནང་ནས། འགག་རྩའི་དུས་སུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁ་ཕྱོགས་ཡང་དག་ཕྱོགས་སུ་བཅོས་པ་དང་སྒུལ་ཤུགས་བསྣན་ཡོད་ལ། འཛམ་གླིང་ལ་དགེ་མཚན་ལྡན་པའི་བརྡ་རྟགས་ཀྱང་བརྒྱུད་སྤྲོད་བྱས་ཡོད།

    གཙོ་བདག་དབར་མཉམ་འགུལ་བྱེད་པ་ནི་ཕྱོགས་གཉིས་པོའི་འབྲེལ་བ་བརྟན་དུ་གཏོང་བའི་འཐབ་ཇུས་ཀྱི་ཁྲིད་སྟོན་ཞིག་ཡིན་ལ། མཐའ་ཚད་བརྟན་སྲུང་བྱེད་པའི་ལྷག་བསམ་ཟོལ་མེད་ཀྱི་གླེང་མོལ་ཞིག་ཀྱང་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཐེ་རོན་ཕུ་ལ་ཐའེ་དབན་གྱི་གནད་དོན་ཐད་ཀྱི་ཀྲུང་གོའི་རྩ་དོན་དང་ལངས་ཕྱོགས་གསལ་བཤད་ཐེངས་མང་གནང་ཡོད། ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོའི་ལྟེ་བའི་ཁེ་ཕན་ཁྲོད་ཀྱི་ལྟེ་བ་དང་། ཀྲུང་ཨའི་འབྲེལ་བའི་ཆབ་སྲིད་རྨང་གཞིའི་ཁྲོད་ཀྱི་རྨང་གཞི། ཀྲུང་ཨའི་འབྲེལ་བའི་བརྒལ་ཐབས་མེད་པའི་དམར་ཐིག་དང་པོ་བཅས་ཡིན་ལ། ཀྲུང་ཨའི་འབྲེལ་བའི་ཉེན་ཁ་ཆེ་ཤོས་ཤིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་དམར་ཐིག་དེ་ནན་བཤད་ཡང་ཡང་བྱེད་དོན་ནི་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་གྱི་མཐའ་ཚད་གསལ་པོ་ཤེས་པར་བྱས་ཏེ། གོ་ནོར་དང་བརྡར་ཤ་གཅོད་ནོར་མི་ཤོར་བ་དང་གདོང་ཐུག་དང་ཁ་གཏད་དུ་ལངས་རྒྱུ་སྔོན་འགོག་བྱ་ཆེད་རེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། ཨ་རིའི་སྐབས་རིམ་བྱུང་གི་སྲིད་གཞུང་གིས་ཐའེ་དབན་གྱི་གནད་དོན་ཐད་ཁས་ལེན་བྱས་པར་བརྩི་སྲུང་ནན་པོ་ཞུས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་ཨའི་འབྲེལ་བའི་སྤྱི་ཡོངས་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས།

    འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་མདུན་གྲས་གཉིས་ཡིན་པའི་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་བསྡོམས་འབོར་གོ་ལ་ཧྲིལ་པོའི་1/3ལས་བརྒལ་བ་དང་། དངོས་ཟོག་ཉོ་ཚོང་བསྡོམས་འབོར་གྱིས་འཛམ་གླིང་གི་1/5ཙམ་བཟུང་བ། ཀྲུང་ཨའི་མཉམ་འགུལ་གྱིས་རྒྱལ་ཁབ་གཉིས་པོ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཀྱི་ཡོད། ཇུས་འདོན་ཚོགས་པའི་བསྡོམས་རྩིས་ལ་གཞིགས་ན། 2025ལོར་ཀྲུང་ཨའི་ཚོང་དོན་བསྡོམས་འབོར་འཕར་ཆག་བྱུང་ནས་གོ་ལ་ཧྲིལ་པོའི་ཚོང་དོན་འཕར་ཚད་ཐད་ཀར་10%ཙམ་འགོར་དུ་ཕྱིན་ཡོད། ན་ནིང་ནས་བཟུང་གཙོ་བདག་གི་ཐུན་མོང་ངོས་འཛིན་གྱི་སྣེ་ཁྲིད་འོག་ཀྲུང་ཨ་ཕྱོགས་གཉིས་པོའི་ཚོགས་པས་རེས་སྐོར་དྲུག་གི་གྲོས་མོལ་བྱས་ཟིན་པ་དང་། དེ་རྗེས་རེས་སྐོར་གསར་པའི་གྲོས་མོལ་བྱས་པར་གྲོས་མོལ་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་སྟེ། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་དང་འཛམ་གླིང་དཔལ་འབྱོར་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་བསྣན་ཡོད།

    མིའི་རིགས་ཀྱི་ཐུན་མོང་གི་དཀའ་གནད་ལ་ཁ་གཏད་གཅོག་པར་ཀྲུང་ཨ་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་མཉམ་དུ་ནུས་ཤུགས་བཏོན་ནས་ཁ་ཕྱོགས་གཅིག་ལ་སྐྱོད་པ་དང་ཁ་འབྲལ་ཐབས་མེད། མིག་སྔར་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་རྒྱུན་ཆད་མེད་པར་ཐོན་པ་སྟེ། གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ་ཆེ་རུ་ཕྱིན་པ་དང་། མི་ཐབས་རིག་ནུས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མངོན་གསལ་དོད་དུ་ཕྱིན་པ། ས་ཁུལ་གྱི་གདོང་ཐུག་རྒྱུན་མཐུད་ཐོན་པ་ལ་སོགས་འཛམ་གླིང་ལ་འཕྲད་པའི་བདེ་འཇགས་དང་བཅོས་སྐྱོང་གི་མཚལ་ཡིག་དེ་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། རྒྱལ་ཁབ་ཆེན་པོའི་དབར་གྱི་འགྲན་རྩོད་ནི་དུས་རབས་ཀྱི་རྨང་གཞི་མིན་པར་མཐུན་སྒྲིལ་མཉམ་ལས་བྱས་ན་ད་གཟོད་དུས་ངལ་མཉམ་སེལ་བྱེད་ཐུབ།

    ཇི་ཙམ་ཟང་ཟིང་ཆེ་བའི་དུས་སྐབས་སུ་དེ་ཙམ་གྱིས་འཛམ་གླིང་ལ་སྟོབས་ཤུགས་བརྟན་པོ་ཞིག་དགོས་ཀྱི་ཡོད། ཀྲུང་ཨ་རྒྱལ་ཁབ་གཉིས་པོས་སོ་སོའི་ལེགས་ཆ་བཏོན་ནས་མཉམ་དུ་མདུན་སྐྱོད་བྱས་ཏེ་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་ཕན་པའི་དོན་ཆེན་དང་། བྱ་བ་དངོས། བྱ་བ་བཟང་པོ་བཅས་མང་ཙམ་བསྒྲུབས་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་དཀའ་གནད་སེལ་བ་དང་མིའི་རིགས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད“1+1>2”ཀྱི་ཐག་གཅོད་ཇུས་གཞི་དེ་བས་མང་བ་འདོན་དགོས། ཀྲུང་ཨའི་གཙོ་བདག་དབར་གྱི་ཞལ་འཛོམས་གོ་སྐབས་སུ་བྱས་ཏེ་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་ཡང་དག་པའི་མཉམ་གནས་ཀྱི་ལམ་བུ་ཞིག་མཉམ་དུ་བཏོད་ནས་ཕན་ཚུན་གྲུབ་འབྲས་ཐོབ་པ་དང་ཐུན་མོང་དར་རྒྱས་ཡོང་བར་བྱས་ཏེ། འཛམ་གླིང་ལ་ཕན་པ་འདོགས་རྒྱུའི་རེ་བ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།