རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ཟླ་5ཚེས་12ཉིན་ནི་རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཉིན་མོ་ཐེངས་18པ་དེ་ཡིན་ཞིང་། ད་ལོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“མི་ཚང་མས་བདེ་འཇགས་ལ་སྣང་ཆེན་དང་འཕྲལ་སྡོམ་ཤེས་པ་བྱས་ཏེ། གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་དགོས”ཞེས་པ་དེ་རེད། ཉིན་དེར་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་སྡེ་ཚན་མང་པོས་མཉམ་འགུལ་དང་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ཤུགས་བརྒྱབ་སྟེ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་དང་། འཕྲལ་སྡོམ་ནང་སྦྱོང་། སྒྲིག་ཆས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ། སྤྱོད་གོ་ཆོད་པའི་ཉེན་གཡོལ་རང་སྐྱོབ་ཀྱི་ཤེས་བྱ་མང་ཚོགས་ལ་བསླབས་ནས་སྤྱི་ཚོགས་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་བདེ་འཇགས་འགོག་སྲུང་དྲ་བའི་ཚགས་ཕྱོགས་ཡོངས་ནས་དམ་དུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་དེ་ཟླ་5ཚེས་17ཉིན་བར་སྤེལ་རྒྱུ་རེད།
ཚེས་12ཉིན། རང་སྐྱོང་ལྗོངས་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་དང་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་སྣེ་ཁྲིད་དེ་སྒྲིག་འཛུགས་བྱས་པ་དང་། ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཁོངས་མིའི་ཚན་པ་78དང་རོགས་སྐྱོབ་རུ་ཁག་10ཡིས་ལྷ་ས་མཐོ་གསར་ཁུལ་སྣེའུ་ཁུལ་གསར་གྱི་ཝང་ཧྥུའུ་ཅིང་བྱང་ངོས་རླངས་འཁོར་འཇོག་སར་བོད་རང་སྐྱོང་ལྗོངས་ཀྱི་2026ལོའི་རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོའི་བརྗོད་དོན་གཙོ་བོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། ཚན་རིག་ཁྱབ་གདལ་གྱི་བརྙན་ལམ་སྟོན་པ། འགྲེམས་པང་འཛུཌ་པ། བློ་འདྲིར་ལན་འདེབས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་རྒྱུན་ཤེས་དང་འཕྲལ་སྡོམ་ཉེན་གཡོལ་གྱི་གཙོ་གནད་ཕྱོགས་ཡོངས་ནས་སྒྲོག་འགྲེལ་བྱས་པ་རེད། བོད་ལྗོངས་དགུང་སྔོན་རོགས་སྐྱོབ་རུ་ཁག་གིས་ཆེད་ལས་ཀྱི་རོགས་སྐྱོབ་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ལ་ས་ཡོམ་གྱི་ཉེན་གཡོལ་དང་། མེ་སྐྱོན་གྱི་ཉེན་གཡོལ། འདམ་རྡོའི་ཆུ་རུད་ལ་འགོག་ཟོན་སོགས་ཀྱི་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་ཤེས་བྱ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།
དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་དུས་གཅིག་ཏུ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་སྟེ། ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་ལན་པ་གྲོང་ཚོས་དང་བླངས་ཞབས་ཞུ་རུ་ཁག་སྒྲིག་འཛུགས་བྱས་ནས་ཞིང་དུད་ཀྱི་སྒོ་ར་དང་ཞིང་ནང་མུ་ཁར་བསྐྱོད་དེ། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་གྲོང་མིར་གེགས་འགོག་ཤེས་བྱ་སྣ་ཚོགས་ཁྱབ་གདལ་བཏང་བ་དང་། མལ་གྲོ་གུང་དཀར་རྫོང་གི་སློབ་གྲྭ་4ཡིས་མཉམ་འབྲེལ་ཐོག་སློབ་གྲྭའི་ས་ཡོམ་དང་མེ་ཟོན་གྱི་འཕྲལ་སྡོམ་ནང་སྦྱོང་བྱས་པ་དང་རྒྱལ་སྲུང་སློབ་གསོ་དང་བདེ་འཇགས་ཤེས་བྱ་མཉམ་འདྲེས་གཏིང་ཟབ་བྱས་ནས་དགེ་སློབ་ཀྱི་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་བ་རེད།
ཚེས་12ཉིན་ཉིང་ཁྲི་གྲོང་ཁྱེར་གནོད་འཚེ་ཉུང་གཏོང་ཨུ་ལྷན་གཞུང་ལས་ཁང་དང་བྲག་ཡིབ་ཆུས་ཀྱི་འབྲེལ་ཡོད་ཚན་པ་40ལྷག་ཙམ་གྱིས་ཀོང་པོ་སྤྱི་གླིང་བི་ཤུ་ཐང་ཆེན་དུ“དྲིལ་བསྒྲགས་འཐབ་ཕྱོགས”བཙུགས་ཏེ་ས་ཡོམ་དང་། རི་ཉིལ། ནགས་ཚལ་མེ་སྐྱོན་སོགས་རང་བྱུང་གནོད་འཚེ་དང་དེ་བཞིན་གློག་དང་སོལ་རླངས་སྤྱོད་པའི་བདེ་འཇགས་ལ་དམིགས་ནས། མང་ཚོགས་ལ“བདེ་འཇགས་ཡོངས་བསྒྲགས་སློབ་ཚན”འཚོགས་པ་རེད། ས་གནས་ས་ཐོག་ཏུ་བདེ་འཇགས་དྲན་སྐུལ་གྱི་ཐེངས་གཅིག་རང་བཞིན་གྱི་ཤོག་ཕོར་དང་རས་ཁུག་སོགས་དྲིལ་བསྒྲགས་དངོས་རྫས་སྤྲད་པར་དགའ་བསུ་ཆེན་པོ་ཐོབ་ཡོད། ཉིང་ཁྲི་མེ་གསོད་རོགས་སྐྱོབ་བབ་བསྟུན་ཉིང་ལག་རུ་ཁག་གིས་ས་གནས་དེ་གའི་གནོད་འཚེའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཚན་རིག་ཁྱབ་གདལ་གྱི་བརྙན་ལམ་བཟོས་ནས་འཕྲལ་སྡོམ་ཤེས་བྱ་སྣ་ཚོགས་ཁྱབ་གདལ་བཏང་བ་རེད། ད་ཐེངས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་རིམ་རྩིས་བརྒྱབ་ན་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་སྣ་ཚོགས་8000ལྷག་ཙམ་སྤྲད་པའི་ནང་མང་ཚོགས་ཆིག་སྟོང་ཙམ་ཞུགས་ཡོད་པ་རེད།
ཚེས་12ཉིན་ཆབ་མདོ་གྲོང་ཁྱེར་འཕྲལ་སྡོམ་བཀོད་འདོམས་པུའི་གཞུང་ལས་ཁང་དང་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་ཚན་པ་མང་པོ་དང་མཉམ་དུ་རྫ་ཆུའི་ཐེན་ཅིན་ཐང་ཆེན་དུ་གཅིག་སྡུད་ཐོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་སྒྲིག་ཆས་འགྲེམས་སྟོན་དང་། ས་གནས་ས་ཐོག་ཏུ་འགྲེལ་བཤད། མཉམ་འགུལ་ཉམས་ལེན་སོགས་ཀྱི་རྣམ་པའི་ཐོག་ནས་ཉེན་གཡོལ་ཤེས་བྱ་ཁྱབ་གདལ་བཏང་བ་རེད། བྱེད་སྒོ་སྤེལ་ཡུལ་གྱི་བློ་འདྲི་སྟེགས་བུའི་མདུན་དུ་མི་ཚོགས་ཆེ་ཞིང་། མེ་ཟོན་རོགས་སྐྱོབ་སྒྲིག་ཆས་འགྲེམས་སྟོན་ཁུལ་དུ་མང་ཚོགས་མང་པོ་འཁོར་བ་དང་། བཀོད་འཐབ་པས་དམར་ཕྱིའི་གསོན་པོ་འཚོལ་ཆས་དང་ཡོམ་འཕྲོའི་ཞིབ་དཔྱད་ཚད་ལེན་ཡོ་བྱད་སོགས་སྒྲིག་ཆས་བེད་སྤྱོད་བྱེད་སྟངས་ངོ་སྤྲོད་བྱས་ཏེ་ས་ཡོམ་གྱི་ཉེན་གཡོལ་ཐབས་རྩལ་འགྲེལ་བཤད་བརྒྱབ་པ་རེད། གྲོང་མི་མི་ཉུང་བ་ཞིག་གིས་སྒྲིག་ཆས་དེ་དག་ཡ་མཚན་ཆེ་ལ་སྤྱོད་གོ་ཆོད་པོ་འདུག་པས་ཉེ་འགྲམ་གྱི་མིར་མཉམ་སྤྱོད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ཚེས་12ཉིན། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་མཚོ་ནག་སྡེ་ཁུལ་དུ་གྲོང་སྡོད་ལས་དོན་རུ་ཁག་གིས་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་དང་མཉམ་དུ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། དྲ་ཕྱིར་ལས་དོན་པས་སྡེ་ཁུལ་གྱི་ཐང་ཆེན་དང་ཚོང་ཁང་སོགས་སུ་དྲིལ་བསྒྲགས་ས་ཚིགས་བཙུཌ་པ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ། མེ་གསོད་ཡོ་བྱད་བཀོལ་སྤྱོད་བྱེད་སྟངས་བསླབས་པ་མ་ཟད། གྲོང་མི་གདན་ཞུས་ཀྱིས་སྦྱོང་བརྡར་ཡང་བྱས་པ་རེད། རྒན་རྒོན་དང་འགྲོ་སྐྱོད་སྟབས་བདེ་མེད་པའི་ཚོགས་སྤྱིར་དམིགས་ནས“སྒོ་རྡུང་དྲིལ་བསྒྲགས”བྱ་སྤྱོད་སྤེལ་ཏེ་སྒོ་རྩར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་རོགས་སྐྱོར་རེ་ཞུ་བྱེད་སྟངས་འགྲེལ་བཤད་བརྒྱབ་ཡོད། དྲ་ཐོག་ཏུ་སྡེ་ཁུལ་གྱི་སྐད་འཕྲིན་ཚོགས་པའི་ནང་ཉིན་ལྟར་ཚན་རིག་ཁྱབ་གདལ་གྱི་བརྙན་ཐུང་དང་བདེ་འཇགས་ཀྱི་དྲན་སྐུལ་བསྐུར་བའི་ནང་ས་ཡོམ་གྱི་ཉེན་གཡོལ་དང་ཁྱིམ་སྡོད་བདེ་འཇགས་སོགས་ཀྱི་ནང་དོན་ཚུད་ཡོད་པས་གྲོང་མིས་ཁྱིམ་ནས་དོན་མི་དགོས་པར་ཉེན་གཡོལ་ཤེས་བྱ་ཤེས་ཡོད།
འབྲེལ་ཡོད་གསར་འགྱུར།