བོད་རང་སྐྱོང་ལྗོངས་ཆབ་མདོ་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་ལེན་ལྟེ་གནས་རི་བོ་ཆེ་བདག་སྐྱོང་དུམ་བུའི་ལས་ཁུལ་དང་པོའི་ལས་དཔོན་སྤེན་པ།
གངས་ལྗོངས་ས་མཐོའི་མཁའ་ལམ་ཐོག་གི“སྲུང་སྐྱོང་པ”
སྦྱག་མ་གཅིག་དང་། ལི་ཁྲི་མདོག་གི་ལས་གོས་ལུས་སྦྱར་གཅིག སྐོར་ཞིབ་རླངས་འཁོར་གཅིག་བཅས་ནི་བོད་ལྗོངས་ཆབ་མདོ་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་ལེན་ལྟེ་གནས་རི་བོ་ཆེ་བདག་སྐྱོང་དུམ་བུའི་ལས་ཁུལ་དང་པོའི་ལས་དཔོན་སྤེན་པས་རྒྱུས་མངའ་ཆེ་ཤོས་ཀྱི་རོགས་པ་རེད། ལོ་11རིང་ཁོང་གིས་ལུས་སེམས་ཚང་མ་རྒྱལ་ལམ་214རྒྱུད་ཀྱི་K1124ནས་K1168བར་གྱི་ས་གཤིས་རྙོག་འཛིང་ཆེ་བ་དང་གནམ་གཤིས་ཚོད་དཔག་དཀའ་བའི་ལམ་དུམ་དེར་བཞག
“གཞུང་ལམ་བདག་སྐྱོང་པ་ནི་དཀའ་སྡུག་མྱོང་ཐུབ་པ་དང་དཀའ་ངལ་ལ་མི་སྐྲག་པའི་མི་ཞིག་རེད” 2017ལོའི་དགུན་དུས་སུ་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་དུ་གངས་ཆེན་པོ་བསྟུད་མར་བབས་ནས་གངས་གསོག་ཐེབས་ཚད་ལི་སྨི་50ལྷག་ཙམ་ཟིན་ཞིང་། ལམ་དུམ་ཁག་གཅིག་ཏུ་གངས་གསོག་ཐེབས་པ་དག་འཁྱགས་ཐེབས་ནས་རླངས་འཁོར་མདུན་ཕྱོགས་སུ་འགྲོ་ཐབས་བྲལ། སྐབས་དེར་སྤེན་པས་གྲང་རླུང་འུར་འུར་དུ་ལྡང་བར་མི་འཛེམས་པར་རུ་སྣེ་ཁྲིད་དེ་ཁ་བ་ལྷབ་ལྷུབ་ཏུ་བབ་པའི་ཁྲོད་དུ་ལམ་གཤོང་བར་བསྐྱོད།
སྤེན་པ་དང་ལས་རོགས་ཚོས་སྦྱག་མས་གངས་འཁྱགས་གཤོང་བ་དང་ཆབས་ཅིག་གངས་བཞུའི་སྨན་ཕྱེ་ཡང་གཏོར། ཚེ་སྲོག་ལམ་བུ་དེ་ཤར་གཏོང་ཡོང་ཆེད། ཁོང་ཚོས་གྲོད་པ་ལྟོགས་པའི་སྐབས་སུ་འཁྱགས་རིལ་ཐེབས་པའི་སྐམ་ཟས་བཟས་པ་དང་ཐང་ཆད་པའི་སྐབས་སུ་ལམ་རྒྱུད་དུ་ངལ་ཕྲན་བུ་གསོས། དེ་ལྟ་བུའི་དཀའ་སྡུག་ཆེ་བའི་ཁོར་ཡུག་ཁྲོད་དུ་ཁོང་ཚོས་ཉིན་མཚན་20ལྷག་ཙམ་བསྟུད་མར་འབད་འཐབ་བྱས།
གལ་ཏེ་དགུན་དུས་ཀྱི་གངས་འཁྱགས་ནི་འགུལ་མེད་རྣམ་པའི་བཀག་སྡོམ་ཡིན་ཟེར་ན། དབྱར་དུས་ཀྱི་ཕུ་ཆུ་ནི་སྨྱོ་ཧམ་ཆེ་བའི་རྡབ་རྡེག་རང་རེད། 2018ལོའི་འབྲུབ་ཆུ་རྒྱས་པའི་དབྱར་གཞུང་དུ་རྒྱལ་ལམ་214རྒྱུད་ཀྱི་K1142ལམ་དུམ་དུ་ཆུ་ལོག་བྱུང་ནས་རི་ཉིལ། ས་རྡོ་རྒྱ་དཔངས་གྲུ་བཞི་མ་བརྒྱ་ཕྲག་ཁ་ཤས་རི་ནས་ཉིལ་ཡོང་བའི་སྐབས་སུ། སྤེན་པས་ཉེན་ཁ་ཤིན་ཏུ་ཆེ་བར་མ་འཛེམས་པར་ཉིན་20ཙམ་རིང་འཐབ་ས་དང་པོར་དཀའ་སྤྱད་འབད་འབུངས་བྱས།
ལམ་དུམ་ཁག་གཅིག་རྒྱུད་ཀྱི་མང་ཚོགས་ཀྱི་ལམ་སྐྱོང་འདུ་ཤེས་ཆེན་པོ་མེད་པའི་གནས་ཚུལ་གྱི་མདུན་དུ། ཁོང་གིས་རང་འགུལ་ངང་ལམ་གཞུང་རྒྱུ་ནོར་དང་དབང་ཆའི་སྐོར་གྱི་ཆེད་དོན་བཅོས་སྒྲིག་བྱས། གཞན་ཡང་ཁོང་གིས་ད་དུང་རུ་སྣེ་ཁྲིད་ནས་ལམ་རྒྱུད་གྲོང་ཚོ་དང་ཚོང་དུད་ལ་ཁྲིམས་སྲོལ་སྒྲོག་འགྲེལ་བྱེད་པར་བསྐྱོད་དེ། གཞུང་ལམ་དང་ས་གནས་དབར་གྱི་འགལ་བ་མང་པོ་བསལ་ཏེ་འབྱུང་རྩ་ནས་གཞུང་ལམ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་།
ད་ཆ་སྤེན་པས་ལི་ཁྲི་མདོག་གི་ལས་གོས་གྱོན་ནས་རྒྱལ་ལམ་214རྒྱུད་དུ་སྔར་བཞིན་བྲེལ་ཞིང་། ཁོང་གིས“གངས་ལྗོངས་ཀྱི་མཁའ་ལམ་འདིར་སྲུང་སྐྱོང་བྱེད་པའི་དགོས་མཁོ་ཡོད་ན། ངས་མུ་མཐུད་ལས་ཀ་དེ་བྱེད་ཀྱི་ཡིན”ཞེས་བཤད།
(《འོད་ཟེར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)
འབྲེལ་ཡོད་གསར་འགྱུར།