རང་བསྐྲུན་ཁང་པའི་འགོག་སྲུང་དྲ་བ་ཚགས་དམ་དུ་བཏང་ནས་མང་ཚོགས་ཀྱི་བདེ་འཇགས་སྲོག་ཐིག་བརྟན་པོ་སྲུང་དགོས།
སྒེར་ཁང་དང་ལྷག་པར་དུ་གཉེར་སྐྱོང་རང་བཞིན་གྱི་སྒེར་ཁང་ལ་འཛུགས་སྐྲུན་གྱི་གྲུབ་ཆ་ཚད་ལྡན་མིན་པ་དང་། ཐོན་སྐྱེད་དང་འཚོ་བའི་མཛོད་ཁང་ཟང་ཟིང་ཡིན་པ། མེ་ཟོན་གྱི་རྨང་གཞིའི་ཆ་རྐྱེན་ཞན་པ་སོགས་ཀྱི་གནད་དོན་ཡོངས་ཁྱབ་ངང་གནས་པས། མེ་སྐྱོན་ཉེན་ཁའི་མངོན་མེད་རྐྱེན་ངན་མངོན་གསལ་དོད་ཅིང་། མེ་སྐྱོན་ཐོན་ཚེ་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཐེབས་སླ་པོ་ཡོད། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་ཆེད། བོད་ལྗོངས་མེ་ཟོན་གྱིས་སྒེར་ཁང་གི་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་གཙོ་བོ་གསེད་བཀྲོལ་གྱིས་རྒྱ་ཆེའི་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཡོད།
གཅིག མེ་སྐྱོན་གྱི་ཉེན་ཁར་ངོས་འཛིན་གསལ་པོ་བྱས་ནས་མངོན་གསལ་དོད་པའི་མངོན་མེད་རྐྱེན་ངན་ནན་འགོག་བྱེད་དགོས།
སྒེར་ཁང་གི་མེ་སྐྱོན་ལ་ཐོལ་བྱུང་རང་བཞིན་ཆེ་བ་དང་། མེ་མཆེད་མགྱོགས་པ། སྲོག་ཉེན་ལས་ཐར་དཀའ་བ་སོགས་ཀྱི་གནས་ཚུལ་ལྡན་ཡོད། མངོན་མེད་རྐྱེན་ངན་གཙོ་བོ་གཤམ་གསལ་ཕྱོགས་དྲུག་ནས་གཅིག་སྡུད་བྱས་ཡོད་པ་སྟེ།
1.མཚན་མོར་མེ་ཤོར་ན་སྲོག་ཉེན་ལས་ཐར་དཀའ་ཞིང་། མེ་སྐྱོན་མང་ཆེ་བ་མཚན་མོ་ཐོན་གྱི་ཡོད་པས་མི་རྣམས་གཉིད་ཁུག་རྗེས་དུས་ཐོག་ཏུ་ཚོར་དཀའ་བ་དང་། རྒན་རྒོན་དང་བྱིས་པ་སོགས་ཉམས་ཞན་ཚོགས་སྤྱིའི་རང་སྐྱོབ་ནུས་པ་ཞན་པས་མེ་སྐྱོན་ཐོན་ས་ནས་དེ་བས་ཐར་ཁག་པོ་ཡོད།
2.འབར་སླ་བ་དང་མེ་འཁྱུད་སླ་བའི་རྒྱུ་ཆས་མེ་མཆེད་མགྱོགས་ཤིང་། སྒེར་ཁང་ཁག་གཅིག་ལ་ཝུ་སོབ་སྤོས་འགྱིག་སོགས་འབར་རུང་བའི་རྒྱུ་ཆ་སྤྱད་དེ་མཛེས་བཟོ་བྱས་པ་དང་། གཉེར་སྐྱོང་བྱ་ཡུལ་དུ་དངོས་ཟོག་མང་པོ་སྤུངས་ཡོད་པས། མེ་ཤོར་རྗེས་མཆེད་མགྱོགས་པོ་ཡོད།
3.བྱེད་ནུས་མཉམ་བསྲེས་བྱས་ནས་མེ་འགོག་བཅད་ཡག་པོ་བརྒྱབ་མེད་ཅིང་། འཚོ་བ་དང་། གཉེར་སྐྱོང་། མཛོད་ཁང་བཅས་གཅིག་ཏུ་སྦྲེལ་ནས་མེ་འགོག་བཅད་ཡག་པོ་བརྒྱབ་མེད་པས། དེ་ཁུལ་ཚང་མར་མེ་ཤོར་ཉེན་ཆེ།
4.ཁ་འགྲེམས་བགྲོད་ལམ་བཀག་ནས་སྲོག་ཉེན་ལས་ཐར་བར་འགོག་རྐྱེན་བཟོ་གི་ཡོད་ཅིང་། དངོས་ཟོག་གང་བྱུང་དུ་སྤུངས་ནས་སྐས་འཛེག་དང་བགྲོད་ལམ་བཟུང་བ་དང་། ཁང་པ་ཁག་གཅིག་ལ་ཁ་འགྲེམས་སྐས་འཛེག་རྐྱང་པ་ལས་བཟོས་མེད་པ། སྒེའུ་ཁུང་ལ་སྒྲིག་འགལ་ངང་རྐུན་འགོག་ལྕགས་དྲ་བསྒར་ཡོད་པས། འཕྲལ་སྡོམ་ཁ་འགྲེམས་བྱེད་པར་ཐད་ཀར་ཤུགས་རྐྱེན་བཟོ་བ།
5.མེ་ཟོན་སྒྲིག་ཆས་མི་འདང་བས་མེ་སྐྱོན་ཚོད་འཛིན་བྱེད་དཀའ་ཞིང་། སྒེར་ཁང་མང་ཆེ་བར་མེ་གསོད་ཡོ་བྱད་དང་རང་ཚུགས་རྣམ་པའི་དུ་ཚོར་ཉེན་བརྡ་གཏོང་ཆས་སོགས་རྨང་གཞིའི་མེ་ཟོན་སྒྲིག་ཆས་མེད་པས་མེ་སྐྱོན་ཐོན་མ་ཐག་དུས་ཐོག་ཏུ་གསོད་ཁག་པོ་ཡོད།
6.མེ་དང་། གློག སོལ་རླངས་བཅས་སྤྱོད་སྟངས་ཚད་ལྡན་མེད་ཅིང་། གློག་སྐུད་གང་བྱུང་དུ་ཁྲིད་པ་དང་། གློག་ཐེག་ཚད་ལས་བརྒལ་ནས་སྤྱོད་པ། སྒྲིག་འགལ་ངང་མེ་སྤྱོད་པ་བཅས་ནི་སྒེར་ཁང་ལ་མེ་སྐྱོན་ཐོན་པའི་རྒྱུ་རྐྱེན་གཙོ་བོ་རེད།
གཉིས། མངོན་མེད་རྐྱེན་ངན་གྲལ་བཤེར་ལ་དམ་འཛིན་ཏན་ཏིག་བྱས་ནས་གནོད་འཚེ་མ་ཐོན་སྔོན་འགོག་བྱེད་དགོས།
གཉེར་སྐྱོང་རང་བཞིན་གྱི་སྒེར་ཁང་ལ་རྒྱུན་རྣམ་ཅན་གྱི་མེ་ཟོན་བདེ་འཇགས་རང་བཤེར་བྱེད་པ་དང་། “ཞིབ་བཤེར་ཁག་བརྒྱད”ཀྱི་བླང་བྱ་གཙོ་གནད་ཐོག་དོན་འཁྱོལ་བྱེད་དགོས་པ་སྟེ།
1.མེ་དང་། གློག སོལ་རླངས་བཅས་ལ་ཞིབ་བཤེར་བྱེད་དགོས་ཤིང་། ཕྱིར་སྐྱོད་སྐབས་མེ་དང་གློག་གསོད་པ་དང་སོལ་རླངས་ཁ་བཀག་དགོས་པ་དང་། གློག་སྐུད་གང་བྱུང་དུ་མི་ཁྲིད་པ། དུས་བཀག་ལྟར་སོལ་རླངས་དང་གློག་ཆས་ལ་ཞིབ་བཤེར་བྱེད་དགོས།
2.མེ་སྤྱོད་པའི་ལས་དོན་གྱི་བདེ་འཇགས་ལ་ཞིབ་བཤེར་བྱེད་དགོས་ཤིང་། གློག་གི་ཚ་ལ་སོགས་དམིགས་བསལ་ལས་སྒྲུབ་བྱེད་པར་ལག་ཁྱེར་ཡོད་དགོས་པ་དང་། ས་གནས་ས་ཐོག་ཏུ་འགོག་སྲུང་བྱེད་ཐབས་དོན་འཁྱོལ་བྱེད་པ། ཉེན་ཁ་ཆེ་ཁུལ་དུ་ཐ་མག་འཐེན་མི་རུང་བ་དང་མེ་སྤྱོད་མི་རུང་།
3.མེ་འགོག་བཅད་སྐྲུན་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས་ཤིང་། ཞག་སྡོད་དང་། ཚོང་གཉེར། མཛོད་ཁང་བཅས་ཀྱི་ས་ཁོངས་སུ་གྱང་དང་མེ་འགོག་སྒོ་ཡག་པོ་བསྐྲུན་ཏེ“དུ་བ་དང་མེ་ཐོག་ཁར་མི་མཆེད་པ”བྱེད་དགོས།
4.འབར་གས་སླ་བའི་དངོས་རྫས་ལ་ཞིབ་བཤེར་བྱེད་དགོས་ཤིང་། རླངས་སྣུམ་དང་། ཨ་རག་ཉིང་ཁུ། གཤེར་གྱུར་སོལ་རླངས་སོགས་འབར་གས་སླ་བའི་ཉེན་ཆེའི་དངོས་རྫས་སྒྲིག་འགལ་ངང་ཉར་ཚགས་དང་བེད་སྤྱོད་བྱེད་མི་རུང་།
5.ཨར་སྐྲུན་མཛེས་བཟོའི་རྒྱུ་ཆར་ཞིབ་བཤེར་བྱེད་དགོས་ཤིང་། འབར་སླ་བའི་ཚོན་ལྡན་ལྕགས་ལེབ་སྤྱད་དེ་ཁང་པ་རྒྱག་པ་དང་མཛེས་བཟོ་བྱེད་མི་རུང་།
6.མེ་གསོད་སྒྲིག་ཆས་སྒྲིག་སྦྱོར་ལ་ཞིབ་བཤེར་བྱེད་དགོས་ཤིང་། ཚད་གཞི་ལྟར་མེ་གསོད་ཡོ་བྱད་དང་དུ་ཚོར་ཉེན་བརྡ་གཏོང་ཆས་སོགས་ཡོ་བྱད་ཆ་ཚང་སྒྲིག་སྦྱོར་བྱེད་པ་དང་དུས་བཀག་ལྟར་ཉམས་གསོ་བྱས་ནས་སྤྱོད་གོ་ཆོད་པའི་འགན་ལེན་བྱེད་དགོས།
7.ཁ་འགྲེམས་བགྲོད་ལམ་ཤར་གཏོང་ཡིན་མིན་ལ་ཞིབ་བཤེར་བྱེད་པ་དང་ཁ་འགྲེམས་ཐེམ་སྐས་དང་བདེ་འཇགས་ཐོན་སྒོ་བཟུང་སྤྱོད་དང་མི་འགག་པ་བྱས་ཏེ་མེ་ཟོན་བགྲོད་ལམ་ཤར་གཏོང་བྱེད་དགོས།
8.བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་དུས་བཀག་ལྟར་མེ་ཟོན་གསོ་སྦྱོང་དང་འཕྲལ་སྡོམ་ནང་སྦྱོང་བྱས་ཏེ་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།
གསུམ། སྲོག་ཉེན་ལས་ཐར་ཐབས་ཤེས་དགོས་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་མེ་སྐྱོན་ལ་ཁ་གཏད་གཅོག་དགོས།
སྒེར་ཁང་ལ་མེ་སྐྱོན་བྱུང་ཚེ་ངེས་པར་དུ་དངངས་སྐྲག་མི་བྱེད་པར་སྲོག་ཉེན་ལས་ཐར་ཐབས་བདུན་བློ་ལ་ངེས་དགོས་པ་སྟེ།
1.མེ་ཤུགས་ཆུང་ཞིང་སྲོག་ཉེན་ལས་ཐར་བའི་གོ་སྐབས་ཡོད་ན་མགྱོགས་མྱུར་བྲོས་པ་ལས་རྒྱུ་ནོར་ལ་ཞེན་ཆགས་གཏན་ནས་བྱེད་མི་རུང་།
2.མེ་ཤོར་སར་དུ་བ་ཆེན་པོ་མི་ཐོན་པའི་སྐབས་སུ་མགྱོགས་མྱུར་ཐེམ་སྐས་ནས་བབས་ཏེ་བདེ་འཇགས་ཡིན་སར་བྲོས་དགོས།
3.མེ་ཤོར་སར་དུ་བ་ཆེན་པོ་ཐོན་ནས་བྲོས་ས་མེད་པའི་སྐབས་སུ། ལྐུགས་པ་ཨུ་ཚུགས་ཀྱིས་དུ་བའི་དཀྱིལ་ནས་མི་བྲོས་པར་སྐྱོབ་མཁན་སྒུག་ནས་སྡོད་དགོས།
4.ཁང་པའི་ནང་སྐྱོབ་མཁན་སྒུག་སྐབས། གྱོན་ཆས་རློན་པས་སྒོ་སྲུབས་པ་དང་ཆུ་གཏོར་ནས་དྲོད་ཚད་འཇགས་ཐབས་བྱེད་དགོས་ལ། དུ་བ་དང་མེ་དང་བར་ཐག་རིང་སར་སྡོད་དགོས།
5.སྒེའུ་ཁུང་གི་འགྲམ་དང་ཉེ་འགྲམ་གྱི་ཁང་པར་ཉེན་ཡོལ་བྱས་ཏེ་སྒེའུ་ཁུང་ནས་སྐྱོབ་པར་ཡོང་རྒྱུའི་བརྡ་བཏང་ནས་སྐྱོབ་མཁན་སྒུག་ནས་སྡོད་དགོས།
6.དུ་བའི་ཁྲོད་སྒུར་སྒུར་བྱས་ནས་བསྐྱོད་དེ་དུ་རྔུབ་བྱེད་མི་རུང་།
7.ཐོག་ཁ་ནས་མཆོང་རྒྱུ་མེད། སྔོན་ལ་ཁ་འགྲེམས་ལམ་ནས་བསྐྱོད་དེ་མེ་ཟོན་མི་སྣས་སྐྱོབ་རྒྱུ་སྒུག་ནས་སྡོད་དགོས།
སྒེར་ཁང་གི་མེ་ཟོན་བདེ་འཇགས་ཁྱིམ་ཚང་མང་པོའི་བདེ་འཇགས་དང་འབྲེལ་བ་ཡོད། རྒྱ་ཆེའི་མང་ཚོགས་ཚོས་རྟག་ཏུ་མེ་ཟོན་བདེ་འཇགས་ཡིད་ལ་བཟུང་ནས་རང་འགུལ་ངང་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་དགོས་ལ། རྒྱུན་དུ་མེ་དང་། གློག སོལ་རླངས་བཅས་སྤྱོད་སྐབས་ཡིད་གཟབ་བྱེད་དགོས་པ་དང་སྲོག་ཉེན་ལས་མཐར་ཐབས་བྱས་ཏེ་དུས་བདེའི་ཁྱིམ་གཞིས་མཉམ་དུ་སྲུང་སྐྱོང་བྱེད་དགོས།
(བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ནས་མཁོ་འདོན་བྱས)
འབྲེལ་ཡོད་གསར་འགྱུར།