དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་པུ་རུ་ནེའི་རྒྱལ་རྒྱུད་འཛིན་མཁན་པི་ལཱ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་པུ་རུ་ནེའི་རྒྱལ་རྒྱུད་འཛིན་མཁན་པི་ལཱ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་པུ་རུ་ནེ་ནི་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། མཚོ་ཐོག་དར་གོས་ལམ་བུས་རྒྱལ་ཁབ་གཉིས་པོ་དམ་པོར་སྦྲེལ་ཡོད། ཀྲུང་གོ་དང་པུ་རུ་ནེའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་བསྐྲུན་པ་མ་ཟད། རྒྱལ་ཁབ་ཆེ་ཆུང་དབར་ལྟ་སྟངས་འདྲ་མཉམ་འཛིན་པ་དང་མཉམ་ལས་གཉིས་ཕན་ཡོང་བའི་དཔེ་མཚོན་ཡང་བཏོད་ཡོད། ན་ནིང་ང་དང་ཧ་སང་ནར་དབར་ཀྲུང་གོ་དང་པུ་རུ་ནེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། ཕྱོགས་གཉིས་པོའི་འབྲེལ་བའི་ལེའུ་གསར་རྐྱང་ཞིག་རྩོམ་འགོ་ཚུགས་ཡོད། ད་ལོ་ནི་ཀྲུང་གོ་དང་པུ་རུ་ནེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་35འཁོར་བའི་ལོ་ཞིག་རེད། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཕྱོགས་གཉིས་པོས་ཀྲུང་གོ་དང་པུ་རུ་ནེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཁྲིད་སྟོན་དུ་བྱས་ཏེ། འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ནས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་དྲང་ནུས་དེ་བས་མང་བ་སྣོན་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པ་དང་། པུ་རུ་ནེ་ཡང“2035ལོའི་ཕུགས་འདུན་ཆེན་པོའི” ཕྱོགས་སུ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་བཞིན་ཡོད། ཕྱོགས་གཉིས་པོས་དེ་མཐུན་ཆར་བརྩིས་ནས་ཀྲུང་གོ་དང་པུ་རུ་ནེའི་མཉམ་ལས་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས་ཤིང་། གཅིག་ནས་ཕན་ཚུན་ཚད་མཐོའི་ཡིད་ཆེས་བྱེད་པའི་འཐབ་ཇུས་རོགས་ཟླ་བྱེད་པ་དང་། མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ཏེ། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། གཉིས་ནས་གཉིས་ཁེ་གཉིས་ཕན་གྱི་འཕེལ་རྒྱས་རོགས་ཟླ་བྱེད་པ་དང་། ལྟེ་བའི་མཉམ་ལས་ཀྱི་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་བཏང་སྟེ། མི་ཐབས་རིག་ནུས་དང་གྲངས་འཛིན་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་དགོས། གསུམ་ནས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་གྱི་ཤེས་དཔལ་རོགས་ཟླ་བྱེད་པ་དང་། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ཐུན་མོང་ཐོག་ལག་ལེན་བསྟར་བ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། དམངས་སེམས་གཅིག་མཐུན་གྱི་བཀྲག་མདངས་འཚེར་ས་གསར་པ་གཏོད་དགོས། བཞི་ནས་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་མཉམ་ལས་རོགས་ཟླ་བྱེད་པ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་དང་མཉམ་དུ་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་བཏང་སྟེ། ས་ཁུལ་དེ་ཉིད་ལོ་བརྒྱའི་འགྱུར་ལྡོག་ཁྲོད་ཀྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ཀྱི་དཔེ་སྟོན་མཐོ་ས་ཞིག་ཏུ་སྐྲུན་དགོས།

    པི་ལཱ་ཡིས་སུའུ་ཏན་ཧ་སང་ནར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་ཞིང་། པི་ལཱ་ཡིས། ཀྲུང་གོ་ནི་པུ་རུ་ནེའི་ཡུན་རིང་གི་གྲོགས་པོ་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་གྲོགས་ཟབ་མོ་ཡོད། པུ་རུ་ནེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གཏན་འཁེལ་གནང་བའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཕུགས་འདུན་ལ་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ། མཐོ་རིམ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས། ཚོང་དོན་མ་འཇོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཕྱོགས་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་དབུལ་སྒྲོལ་གྲུབ་འབྲས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཀྱི་ཡོད། ཀྲུང་གོས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འཆར་གཞི་གསར་པ་ལག་བསྟར་བདེ་བླག་བྱས་ནས། འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་ཡིད་ཆེས་ཡོད། ཀྲུང་གོས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་ལ་འགག་རྩའི་ནུས་པ་བཏོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོར་པུ་རུ་ནེ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བས་ས་ཁུལ་ལ་བདེ་རྩ་སྐྲུན་བཞིན་ཡོད། པུ་རུ་ནེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གཞོགས་འདེགས་དམ་ཟབ་བྱས་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་དབར་མཉམ་ལས་ཟབ་ཏུ་བཏང་སྟེ། ས་ཁུལ་གྱི་དར་རྒྱས་བརྟན་ལྷིང་སྲུང་སྐྱོང་ཡོང་བར་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།