ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་དང་གྲོས་མོལ་གནང་བ།

ཟླ་5ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་དང་གྲོས་མོལ་གནང་བ།

ཟླ་5ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་ལཱ་ཧོ་མོང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་རང་བཙན་བྱུང་ནས་ལོ་ངོ་35འཁོར་བ་མ་ཟད། རྒྱལ་ཁབ་འཛུགས་སྐྲུན་ཐད་གྲུབ་འབྲས་གལ་ཆེན་ཐོབ་པར་རྟེན་འབྲེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་གསུངས་དོན། ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་ནི་ཀྲུང་ཐའི་འབྲེལ་བའི་ལྟེ་བའི་དོན་སྙིང་ཡིན། ཕྱི་རོལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་ཐ་རྒྱལ་ཁབ་གཉིས་པོ་ནི་ནམ་ཡང་ཕན་ཚུན་ལྟ་རེས་སྐྱོང་རེས་ཀྱི་ཁྱིམ་མཚེས་ཡག་པོ་དང་། ལྷག་བསམ་ཟོལ་མེད་དང་ཕན་ཚུན་ཡིད་ཆེས་ཀྱི་གྲོགས་པོ་བཟང་པོ། ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བའི་རོགས་ཟླ་ཡག་པོ་བཅས་རེད། ཕྱོགས་གཉིས་པོས《ཀྲུང་ཐའི་ཡུན་རིང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་པ་དེས་རྒྱལ་ཁབ་གཉིས་པོའི་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་གང་ལེགས་མངོན་ནས། ཀྲུང་ཐའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ལ་སྲ་ཞིང་བརྟན་པའི་འགན་སྲུང་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་དང་མཉམ་དུ་དེ་བས་དམ་ཟབ་ཀྱི་ཀྲུང་ཐའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་སྐྲུན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐ་ཇིག་སི་ཐན་གྱིས་རང་སོ་སོའི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པར་ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱ་རྒྱུ་དང་ཐ་ཇིག་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། བདེ་འཇགས་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་ལ། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྱང“2030ལོའི་གོང་གི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད། ཕྱོགས་གཉིས་པོས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དེ་གཙོ་རྐང་དུ་བྱས་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་འབྲེལ་མཐུད་གཏིང་ཟབ་བྱས་ཏེ་རང་ངོས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་རམ་འདེགས་བྱེད་དགོས། དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དུ་གཏོང་བ་དང་མཉམ་ལས་ཀྱི་གཏིང་ཤུགས་སྔོག་འདོན་བྱས་ནས། ཚོང་དོན་མ་འཇོག་གི་གཞི་ཁྱོན་དང་སྤུས་ཚད་མཉམ་དུ་མཐོ་རུ་གཏོང་དགོས། གཙོ་གནད་རྣམ་གྲངས་ལག་བསྟར་ལ་འགན་སྲུང་བྱས་ཏེ་ལྗང་མདོག་ནུས་རྒྱུ་དང་། གྲངས་འཛིན་དཔལ་འབྱོར། རིག་ལྡན་གྲོང་ཁྱེར། མི་ཐབས་རིག་ནུས་སོགས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་ཚན་རྩལ་གསར་གཏོད་ཀྱི་སྒུལ་ནུས་ཆེ་རུ་གཏོང་དགོས། མི་ཆོས་རིག་གནས་ཀྱི་སྤེལ་རེས་བྱེད་ཟབ་ཏུ་བཏང་ནས་ས་གནས་མཉམ་ལས་ཀྱི་དཔེ་རྣམ་གསར་པ་གཏོད་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས“ངན་ཤུགས་གསུམ”ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་སྟེ་ཐུན་མོང་ཐོག་ས་ཁུལ་གྱི་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་རྒྱལ་སྤྱིའི་འདུམ་འགྲིག་ཁང་ལ་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་སོགས་ཀྱི་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད།
ལཱ་ཧོ་མོང་གིས་གསུངས་དོན། དུས་རབས་གསར་པར་ཐ་ཇིག་སི་ཐན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་དང་འཕེལ་རྒྱས་འགྲོ་བཞིན་ཡོད་པས། ཚོང་དོན་དང་། མ་འཇོག འགྲིམ་འགྲུལ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཕན་འབྲས་ཆེན་པོ་ཐོན་པ་དང་། རྣམ་གྲངས་གལ་ཆེན་བདེ་བླག་ངང་སྐུལ་འདེད་ཐེབས་པ། མི་ཆོས་རིག་གནས་སྤེལ་རེས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པ་བཅས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་བསྐྲུན་ཡོད། དེ་རིང་ཕྱོགས་གཉིས་པོས《ཐ་ཀྲུང་གི་ཡུན་རིང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་པ་ལས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་པ་མ་ཟད། རྒྱལ་ཁབ་གཉིས་པོའི་ཡུན་རིང་མཉམ་ལས་ལ་མདུན་ལྗོངས་གསར་པ་གཏོད་རྒྱུ་རེད། ཐའེ་དབན་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས་ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱི་ཡོད། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འགག་རྩའི་གཏེར་རྫས་དང་། མི་ཐབས་རིག་ནུས། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མི་སྣ་འགྲོ་འོང་ལ་སྟབས་བདེ་སྐྲུན་པ། སློབ་གསོ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་གྲོས་འགོ་དེས་འཛམ་གླིང་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོས་རྒྱལ་སྤྱིའི་གླེང་མང་བའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་པ་དང་དབུས་ཤར་ས་ཁུལ་གྱི་དུས་བབ་ཞི་ལྷོད་དུ་གཏོང་ཆེད་ནུས་པ་གལ་ཆེན་བཏོན་པར་ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ“ངན་ཤུགས་གསུམ” དང་རྒྱལ་སྒྲོལ་ཉེས་གསོག་ལ་ཐུན་མོང་ཐོག་རྡུང་རྡེག་བཏང་ནས་ས་ཁུལ་གྱི་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་འདོད་ཡོད།
གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུན་རིང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》དང《དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་མིང་རྟགས་བཀོད་ནས་ཁྱབ་བསྒྲགས་གནང་བ་མ་ཟད། སྲིད་ཏང་གི་སྤེལ་རེས་དང་། དཔལ་འབྱོར་ཚོང་དོན་གྱི་མ་འཇོག མི་ཐབས་རིག་ནུས། ལྗང་མདོག་གཏེར་རྫས། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཅུ་ལྷག་ཙམ་ལ་མིང་རྟགས་འགོད་པར་དཔང་པོའང་གནང་བ་རེད།
འཚམས་འདྲི་གནང་རིང་། ཕྱོགས་གཉིས་པོས་ད་དུང་ཞིང་ལས་དང་། རིག་གནས། སློབ་གསོ། སྡོད་ཁང་འཛུགས་སྐྲུན། ནད་ཡམས་བརྟག་ཞིབ། ཁྲོམ་རའི་ལྟ་སྐུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཅུ་ལྷག་ཙམ་ལ་མིང་རྟགས་བཀོད་པ་རེད།
གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ལཱ་ཧོ་མོང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
ལཱ་ཧོ་མོང་འབྱོར་སྐབས་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་རྗེས་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཐ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ལཱ་ཧོ་མོང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིམ་རྣམ་འབྱེད་ཀྱི་རུ་སྟར་ལའང་གཟིགས་པ་རེད།
དེ་ཉིན་དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ལཱ་ཧོ་མོང་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
འབྲེལ་ཡོད་གསར་འགྱུར།