“ཁམ་བུའི་མེ་ཏོག་ལས་མཛེས་པ་ནི་མང་ཚོགས་ཀྱི་ངོ་གདོང་ནས་འཕྱུར་བའི་འཛུམ་མདངས་དེ་ཡིན”
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པའི་རོགས་སྐྱོར་སྐོར་གྱི་ཟུར་བྲིས།
དཔྱིད་ཟླ་བཞི་པར། བོད་ལྗོངས་ཉིང་ཁྲིར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ཅིང་། ཡར་ཀླུང་གཙང་པོའི་ངོགས་ཀྱི་སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་བྷ་ག་གྲོང་ཚོ་དེ་ན་ནིང་ལས་འཁྲུག་ཆ་ཧ་ཅང་དོད། གསར་འགོད་པ་ཉིང་ཁྲི་ནས་ཐོན་རྗེས་སྒང་ཕད་གཞུང་ལམ་བརྒྱུད་བྷ་ག་གྲོང་ཚོར་འབྱོར་བ་དང་། རྒྱང་རིང་གི་རིག་གནས་ཐང་ཆེན་ནས་མི་རྣམས་ཀྱི་དགོད་སྒྲ་དང་སྒོར་གཞས་ཀྱི་རོལ་དབྱངས་སྒྲ་ལྷང་ལྷང་དུ་གྲགས་འོང་། གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་གྲོང་མི་བཅུ་གྲངས་ཁ་ཤས་ཀྱིས་ཉིང་ཁྲི་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པའི་རུ་མི་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་ཤོད་པའི་རྣམ་པ་དེ་ཧ་ཅང་འཁྲུག་ཆ་དོད་པོར་སྣང་།
2025ལོའི་ཟླ་བ་ལྔ་པར། གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཝང་ལུའོ་ཐའོ་དང་རུ་དཔོན་གཞོན་པ་ཝང་རུའེ་ཡིས་རུ་མི་ཚོའི་སྣེ་ཁྲིད་དེ་གྲོང་ཚོར་བསྐྱོད། ལོ་གཅིག་གི་ནང་ཁོང་ཚོས་ཁྱིམ་ཚང་མི་རེ་ངོ་རེར་བྱ་བ་དངོས་སྒྲུབ་རོགས་བྱས་ཡོད།
“ཁྱེད་ཚོས་བལྟོས་དང་། ན་ནིང་གི་ད་ཟོད་ངའི་རྐང་པར་རྩ་འབམ་ནད་ཕོག་པས་སྐྱོད་དཀའ་བར་གྱུར། ད་ཆ་ནད་གཞི་དྲག་སྐྱེད་བྱུང་ནས་གོས་འཁྲུ་བ་སོགས་ནང་ལས་ཙག་ཙིག་བྱེད་ཐུབ་ཀྱི་འདུག ལས་དོན་རུ་ཁག་གིས་ངའི་ནད་གཞི་བཅོས་རོགས་བྱས་པ་མ་ཟད། ད་དུང་ཁེ་ལས་དང་འབྲེལ་བ་བྱས་ནས་ཕྲུ་གུ་ཚོ་སློབ་གྲྭར་གཏོང་བའི་རོགས་དངུལ་ཡང་ཐབས་ཤེས་གཏོང་རོགས་བྱས་བྱུང་། ད་ཆ་འཚོ་བ་ཉིན་རེ་ལས་མ་འདས་པར་སྐྱིད་དུ་འགྲོ་གི་འདུག”ཅེས་ལོ་63ལ་སླེབས་པའི་གྲོང་མི་ཚེ་རིང་སྒྲོལ་མས་དྲག་སྐྱེད་བྱུང་བའི་རྐང་པ་སྟོན་གྱིན་སེམས་འགུལ་ཐེབས་བཞིན་བཤད།
གྲོང་མི་བསོད་ནམས་ཚེ་རིང་གིས“ལས་དོན་རུ་ཁག་གི་རུ་མི་རྣམས་གཉེན་ཉེ་ལས་ལྷག་པ་ཡོད”ཅེས་ཤོད་སྐབས་མི་མང་པོ་ཞིག་གིས་མཉམ་དུ་མགོ་ལྕོག་ལྕོག་བྱས། ཁོང་གིས་གྲོང་ཚོའི་ཉེ་འགྲམ་དུ་རྒྱལ་ལམ་སྐྲུན་སྐབས་ལུས་པའི་ཟམ་སྦུག་དེའི་ཚངས་ཐིག་ལ་ལི་སྨི་20ལས་མེད་པས་ཞིང་བྲེལ་སྐབས་མུའུ་1000ལྷག་ཙམ་ལ་ཞིང་ཆུ་གཏོང་ཐུབ་ཀྱི་མེད། ལས་དོན་རུ་ཁག་གིས་གཞུང་ལམ་བདག་སྐྱོང་དུམ་བུར་ཐེངས་མང་བསྐྱོད་དེ་མཐུན་སྦྱོར་བྱས་རྗེས་མཐར་སྨི་1ཟིན་པའི་སྦུ་གུ་སྦོམ་པོ་ཞིག་བརྗེས་ཡོད། ད་ཆ་ཞིང་ཆུ་ཡག་པོ་གཏོང་ཐུབ་པས་ནམ་ཕྱེད་ལ་ཡར་ལངས་ནས་བང་སྒྲིག་སྟེ་ཞིང་ཆུ་གཏོང་བར་སྐྱོད་དགོས་ཀྱི་མེད་ཅེས་བཤད།
འགྲམ་དུ་ཡོད་པའི་མི་དེས“ཁེ་ལས་ཤིག་གིས་ང་ཚོར་ངལ་ནུས་གླ་ཆ་སྒོར་ཁྲི་50ཙམ་ཆད་པ་དེ་ཡང་ལས་དོན་རུ་ཁག་གིས་ཁེ་ལས་དང་མཐུན་སྦྱོར་ཐེངས་མང་བྱས་རྗེས་དངུལ་ཚང་མ་རག་བྱུང”ཞེས་བཤད།
བྷ་ག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འགྱུར་མེད་ཀྱིས་དགོད་བཞིན་དུ“འབྲས་མ་སྒང་ཚོགས་ཆུང་གི་གཡུལ་ཐང་གི་རྣམ་པ་གསར་རྐྱང་དུ་གྱུར་ཅིང་། གྲོང་ཚོའི་ནང་གི་ལམ་སྒྲོན་118ཚང་མ་ཉི་ནུས་ལམ་སྒྲོན་ལ་བརྗེས་ཡོད། དེ་སྔོན་དགོང་མོ་ཕྱིར་སྐྱོད་སྐབས་སེམས་ནང་ཞེད་སྣང་སྐྱེ་ཡི་འདུག ད་ཆ་གྲོང་ཚོའི་ལམ་སྒྲོན་ཡག་པོ་ཡོད་པས་སྒོར་གཞས་འཁྲབ་མཁན་ཡང་མང་དུ་སོང་ཡོད”ཅེས་བཤད།
“རྒྱུ་དངོས་ཐད་རོགས་རམ་བྱེད་པ་ལས་ཏང་ཀྲི་པུའུ་ཡག་པོ་ཞིག་ཡོད་ན་དགའ་བ་འདུག ལས་དོན་རུ་ཁག་གྲོང་ཚོར་སླེབས་རྗེས་ཚན་ཁག་གི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་རུ་ཁག་གི་སྣེ་ཁྲིད་རྒྱུ་དོན་ཆེན་དུ་བརྩིས་ནས། ‘ཚོགས་འདུ་གསུམ་དང་སློབ་ཚན་གཅིག’ཚད་ལྡན་དུ་གཏོང་བ་དང་གྲོང་ཚོའི་ལས་དོན་གྱི་ཡོངས་བསྒྲགས་ལམ་ལུགས་གསར་པ་བཟོ་རོགས་བྱས་པ་མ་ཟད། ད་དུང་ཕུལ་བྱུང་ཏང་ཡོན་དྲུག་ལ་གཟེངས་བསྟོད་ཀྱང་བྱས་པ་རེད”ཅེས་འགྱུར་མེད་ཀྱིས་བཤད།
ཐོན་ལས་སྐོར་གླེང་སྐབས། འགྱུར་མེད་ཀྱིས་ཟིན་དེབ་ཅིག་བཏོན་ནས“གྲོང་ཚོའི་ས་ཞིང་མུའུ་1092བརྒྱུད་བཤུད་བཏང་བ་དང་ལོ་གཅིག་ནང་བརྒྱུད་བཤུད་གྲོན་དངུལ་སྒོར་ཁྲི་100ལྷག་ཙམ་བྱུང་ཡོད། འབྲས་མ་སྒང་ལུག་གསོ་ཚགས་ར་བ་ནི་གྲོང་སྡོད་ལས་དོན་རུ་ཁག་གིས་རྣམ་གྲངས་མ་དངུལ་སྒོར་ཁྲི་800བརྩོན་ལེན་བྱས་ནས་བསྐྲུན་པ་ཞིག་ཡིན་པ་དང་། ད་ཆ་ལུག་མགོ་གྲངས་20ནས་360བར་མང་དུ་སོང་སྟེ་ལོ་གཅིག་ནང་ཡོང་འབབ་སྒོར་ཁྲི་10ཟིན་གྱི་ཡོད། ན་ནིང་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་136.2བར་འཕར་ནས་གྲོང་སྡོད་ལས་དོན་རུ་ཁག་མ་ཡོང་གོང་ལས་བཅུ་ཆ་གཉིས་ཙམ་འཕར་ཡོད”ཅེས་གསར་འགོད་པར་བཤད།
འགྱུར་མེད་ཀྱིས་རྒྱང་རིང་ལ་མཛུབ་མོ་འཛུགས་བཞིན“ལས་དོན་རུ་ཁག་གིས་ང་ཚོའི་སྣེ་ཁྲིད་དེ་སྨན་གླིང་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་སོགས་ས་ཞིང་དང་འབྲེལ་བའི་སྡེ་ཚན་དུ་བསྐྱོད་དེ། ཐོན་ལས་ས་སྤྱོད་མུའུ་44རག་མ་ཐག་ཚོང་འགུག་བྱས་ནས་ཕྱོགས་བསྡུས་ཞིང་ལས་གཉེར་འགོ་བཙུགས། ང་ཚོས་རེ་ཞུ་བྱས་པའི་སྒོར་ཁྲི་600ཡི་ཞིང་དུད་སྤྲོ་ཁང་ལའང་ཆོག་མཆན་རག་གྲབས་ཡོད”ཅེས་བཤད།
ས་སྲོད་འཚམས་སུ། གསར་དུ་བརྗེས་པའི་ཉི་ནུས་ལམ་སྒྲོན་རིམ་གྱིས་གསལ་ལྷམ་མེར་འབར་ཞིང་། འཚམས་ལན་བྱས་ནས་ལོག་ཡོང་བའི་གྲོང་སྡོད་ལས་དོན་རུ་ཁག་ཉིང་ཁྲི་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་ནཱ་པི་ཡོ་ལཱ་ཡིས་ལམ་སྒྲོན་འོག་ཏུ་བསྡད་ནས་ཡུལ་མི་ཚོར“ཁམ་བུའི་མེ་ཏོག་ལས་མཛེས་པ་ནི་མང་ཚོགས་ཀྱི་ངོ་གདོང་ནས་འཕྱུར་བའི་འཛུམ་མདངས་དེ་རེད་འདུག གྲོང་སྡོད་ལས་དོན་རུ་ཁག་གིས་གཞི་རིམ་དུ་གཞིས་ཚུགས་ནས་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡུག་སེམས་སུ་བཅངས་ཏེ་བྱ་བ་དངོས་བསྒྲུབ་རོགས་བྱེད་ཀྱི་ཡོད། ཡུལ་མི་ཚོའི་སེམས་གཏིང་གི་བསྔགས་བརྗོད་དང་གདོང་གི་འཛུམ་མདངས་ནི་སྲིད་དོན་ལས་རྗེས་ཡག་ཤོས་དེ་ཡིན”ཞེས་བཤད།
(2026ལོའི་ཟླ་5ཚེས་8ཉིན་གྱི《ཚན་རྩལ་ཉིན་རེའི་ཚགས་པར》པར་ངོས་བདུན་པ་ནས་བརྒྱུད་འགོད་བྱས)
འབྲེལ་ཡོད་གསར་འགྱུར།