དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གསར་བརྗེའི་གཏམ་རྒྱུད་ཀྱིས་ཡར་ཀླུང་མི་དམངས་ལ་སེམས་འགུལ་ཐེབས་པ།

    རླབས་ཆེའི་སྙིང་སྟོབས་རྒྱུན་འཛིན། འབད་འབུངས་སྟོབས་ཤུགས་གཅིག་སྒྲིལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-13

    ཉེ་ཆར། “གསར་བརྗེའི་དཔེ་མཚོན་གཏམ་རྒྱུད་ཕྱིར་དྲན། དུས་རབས་གསར་པའི་ལེའུ་གསར་གཏོད་པ——ཡར་ཀླུང་གི་གསར་བརྗེའི་གཏམ་རྒྱུད་ཕྱོགས་བསྡུས”ཞེས་པའི་སྒྲ་བརྙན་སྤེལ་མའི་ཏང་གི་ལོ་རྒྱུས་སློབ་ཚན་རྩེ་གྲའི་སྒྲོག་འགྲེལ་བྱེད་སྒོ་ལྷོ་ཁ་གྲོང་ཁྱེར་དུ་འཚོགས་འགོ་ཚུགས་པ་རེད། གངས་ལྗོངས་ས་མཐོའི་འབད་འཐབ་དང་བློས་གཏོང་མཚོན་པའི་གསར་བརྗེའི་གཏམ་རྒྱུད་དྲུག་ལས་ཆུ་ཚོད་གཅིག་ལྷག་ཙམ་རིང་དེར་བཞུགས་མང་ཚོགས་བརྒྱ་གྲངས་ལ་སེམས་འགུལ་ཚད་མེད་ཐེབས་པ་རེད།

    གཏམ་རྒྱུད་ནི་དམག་དཔོན་ཀྲང་གོ་ཧྭ་ནས་འགོ་ཚུགས་ཤིང་། ཁོང་གིས་ཉེན་ཁར་ཐུག་དུས་ལས་འགན་དང་ལེན་ཞུས་ཏེ་གངས་ལྗོངས་ས་མཐོར་ཡོང་ནས་འཐབ་འཛིང་པ་དང་མཉམ་དུ་དཀའ་སྡུག་མཉམ་མྱོང་དང་ཆེས་བབ་ཆགས་པའི་ཟོལ་མེད་བརྩེ་བར་བརྟེན་ནས་བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཡིད་ཆེས་ཟབ་མོ་ཐོབ་པ་རེད། དེ་ནི་བོད་ལ་དཔུང་སྐྱོད་དང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་སྐྱ་མདའ་དང་པོ་དེ་རེད།

    ལྷུན་རྩེ་རྫོང་གཉལ་སྨད་ཤང་གི་འདས་སོང་ལ་ཕྱིར་དྲན་བྱེད་སྐབས། དུས་རབས་གོང་མའི་ལོ་རབས་60པར། རིག་འཛིན་དབང་རྒྱལ་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐང་རྒོད་ལ་ས་ཞིང་སྦོལ་ཡོད། རྡོའི་སྲུབས་ཀའི་བར་ནས་སྦྱག་མས་སྔོ་ཚོད་སྔོག་པ་དང་སྒལ་པར་ས་མྱགས་དོ་པོ་རེ་རེ་དབོར་བ་དེ་ནི་ཤང་ཡོངས་ཀྱི་མིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་འབའ་ཞིག་དེ་རེད། ལག་པ་གཉིས་ལས་འཕྲུལ་ཆས་གང་ཡང་མེད་པ་དང་། མདུན་སྐྱོད་བྱེད་པ་ལས་ཕྱིར་བཤོལ་རྒྱག་ས་གང་ཡང་མེད།

    གོང་དཀར་རྫོང་ཁྱིམ་བཞི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ངག་དབང་བསྟན་པས་འཆད་སྟེགས་ཀྱི་སློབ་ཚན་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་བཞིན“སྲིད་དོན་ལས་རྗེས་ངོ་མ་ནི་འབད་འཐབ་ལས་བྱུང་བ་རེད་མ་གཏོགས་ཁ་སྟོང་པ་བཤད་ནས་བྱུང་བ་མ་རེད། ངས་སྔོན་བྱོན་པར་སློབ་སྦྱོང་ཞུས་ཏེ་སེམས་རྣལ་དུ་ཕབ་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་ཀྱི་ཡིན”ཞེས་བཤད།

    སྒྲོག་འགྲེལ་པས་ས་བབ་སྨི་5373ཟིན་པའི་འཚོ་གནས་དཀའ་ཁུལ་ཕུ་མ་བྱང་ཐང་གི་སྐོར་གླེང་སྐབས། ཚོགས་ར་ཡོངས་ཁུ་སིམ་མེར་གྱུར། ས་ཆ་དེ་གར་གསོ་རླུང་དཀོན་པས་དབུགས་རྔུབ་གཏོང་བྱེད་པ་དེའང་འགྲན་སློང་དྲག་པོ་ཞིག་རེད། ཡིན་ནའང་མཐའ་སྲུང་མི་དམངས་ཉེན་རྟོག་པ་དང་། དགེ་རྒན། ལས་བྱེད་པ་དང་མང་ཚོགས་བཅས་མི་རབས་རེ་རེས་གཟེར་བཏབ་པ་དང་འདྲ་བར་རྩ་བ་ཚུགས་ཏེ་ཚེ་སྲོག་ལ་བརྟེན་ནས་མེས་རྒྱལ་གྱི་མངའ་ཁོངས་སྲུང་བཞིན་ཡོད།

    “སྐར་ལྔའི་དར་དམར་ཡོད་པའི་ས་ཆ་ནི་ཀྲུང་གོ་རེད”ཡུལ་སྨད་ཤང་གི་སངས་རྒྱས་ཆོས་པ་ཁྱིམ་གྱི་གཏམ་རྒྱུད་ལས་མི་མང་པོ་ཞིག་གི་མིག་མཐའ་མཆི་མས་བརླན། ཁྱིམ་ཚང་གཅིག་གི་མི་རབས་གསུམ་གྱིས་ཁ་བ་བུ་ཡུག་འཚུབ་པའི་མཐའ་མཚམས་འགག་སྒོར་རྒྱལ་ཁབ་ཀྱི་ས་ཆ་བརྟན་སྲུང་དང་ལྷག་བསམ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་སྲུང་བཞིན་ཡོད། དེ་ནི་འབོད་ཚིག་སྟོང་པ་ཞིག་མིན་པར་ཉི་མ་གནམ་ལ་ཤར་ཚད་ཀྱི་བརྟན་སྲུང་དང་ཁ་བ་བུ་ཡུག་ཁྲོད་ནམ་ཡང་ལྷབ་ལྷུབ་ཏུ་གཡོ་བའི་དར་ཆ་ཞིག་རེད།

    རྩི་ཤིང་རིག་པ་མཁས་ཅན་དགེ་རྒན་ཆེན་མོ་བ་ཀྲུང་ཡང་གི་གཏམ་རྒྱུད་ལས་མི་རྣམས་ལ་སྟོབས་ཤུགས་ཆེན་པོ་གཞན་ཞིག་ཚོར་གྱིན་ཡོད། ལོ་16གི་རིང་སྤྱི་ལེ་ཁྲི་50ཡི་སར་ལ་བརྒྱབ་ཀླུང་བརྒལ་བྱས་པ་དང་སྲོག་གནས་དཀའ་ཁུལ་དུ་ས་བོན་བསྡུ་རུབ་བྱས་ཡོད། ཁོང་གི་པ་ཕས་དེ་སྔོན་ཁོང་ལ་ངེས་པར་དུ་ལྷོ་ཁར་ཐེངས་ཤིག་འགྲོ་དགོས་པའི་ཁ་ཏ་བྱས་མྱོང་བ་དང་། ཁོང་གིས་ཀྱང་པ་ཕས་བཤད་པ་ལྟར་ཡར་ཀླུང་གི་ས་གཞི་ཆེན་པོར་ཐེངས་མང་བསྐྱོད། དེ་ལྟར་རང་ཉིད་ཀྱི་བསམ་འདུན་མང་པོ་འགྲུབ་ཁོམ་མ་བྱུང་བར་ས་བོན་འཚོལ་བསྡུའི་ལམ་བར་དུ་ཚེ་སྲོག་ཤོར། ཁོང་གིས་རང་ཉིད་ཀྱི་ཚེ་སྲོག་ས་མཐོའི་ས་བོན་འཚོལ་བསྡུར་ཕུལ་ནས་མ་འོངས་པར་རེ་བའི་མྱུ་གུ་འབུས་པར་བྱས་ཡོད།

    གཏམ་རྒྱུད་དུམ་བུ་རེ་རེ་ནི་མེ་སྟག་ཅིག་དང་ཀུན་ནས་མཚུངས། ཁ་ནས་དཔའ་བོའི་སྐོར་བཤད་རུང་དོན་དངོས་ཐོག་དེ་ནི་འགན་འཁྲི་ཞིག་རེད། ལོ་རྒྱུས་ལས་དོན་དངོས་ཇི་མ་ཇི་བཞིན་ར་འཕྲོད་དུས་གསར་བརྗེའི་སྙིང་སྟོབས་ནི་དཔེ་དེབ་ནང་འཁོད་པའི་ཚིག་འབྲུ་སྐམ་པོ་ཞིག་མིན་པར། ཏང་ཡོན་ལས་བྱེད་པའི་སེམས་ཁོང་གི་ཆེས་ཟབ་ལ་དྲག་ཏུ་འབར་བའི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད། ཡར་ཀླུང་གི་ས་གཞི་ཆེན་པོའི་ཐོག་གི་ཏང་གི་སློབ་ཚན་མཇུག་འགྲིལ་མོད། འོན་ཀྱང་གོ་བསྐོན་བློ་འགུག་གི་བསམ་བློ་དང་རབ་ཏུ་འཕེལ་བའི་བློ་སྟོབས་དེ་དག་ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་ཞིག་ཏུ་བསྒྱུར་ནས་གངས་ལྗོངས་ས་མཐོར་མུ་མཐུད་མདུན་སྐྱོད་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།