དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ས་མཐོར་སེ་འབྲུའི་མེ་ཏོག་བཞད། དམངས་ཀྱི་སེམས་པ་གཅིག་ཏུ་སྦྲེལ།

    གཞིས་རྩེ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-13

    འདི་ནི་ལི་ཤིས་ཅུན་གྱིས་རང་ཉིད་ལ་རག་པའི་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་སྟོན་བཞིན་པ།

    འདི་ནི་ལི་ཤིས་ཅུན་དང་ཁོང་གི་བོད་རིགས་བཟའ་ཟླ་སྒྲོལ་མ་ཚེ་རིང་ཡིན་པ།

    འདི་ནི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་སློབ་ཆུང་གིས་མི་རིགས་མཐུན་སྒྲིལ་སྐོར་གྱི་ཤེས་བྱ་སློབ་ཁྲིད་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་ལས་དོན་ཁག་གི“རྩ་གནད”དང“བླ་སྲོག”ལྟ་བུར་བརྩིས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས། བྱ་ཐབས་ཁག་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མར་མི་སྣ་ཡོངས་ཞུགས་པ་དང་། ས་ཁོངས་ཧྲིལ་པོར་སྐུལ་འདེད་གཏོང་བ། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་ནས། མི་རིགས་ཁག་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་མི་སེམས་འགུལ་བའི་ལེའུ་བརྩམས་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཇོ་མོ་གླང་མའི་འདབས་སུ་རབ་ཏུ་བཞད་ཡོད།

    དྲིན་ཚོར་གྱི་བསམ་པ་འཆང་བཞིན་གཞན་ལ་དྲོ་སྐྱིད་སྦྱིན་པ།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་དུ། བོད་རིགས་དང་། རྒྱ་རིགས། ཧུད་རིགས། སོག་རིགས་སོགས་མི་རིགས་མི་འདྲ་བའི་སྤུན་ཟླ་མང་པོ་འདུས་སྡོད་བྱེད་བཞིན་ཡོད་ཅིང་། ཁོང་ཚོས་འབྲལ་མེད་མཉམ་གཤིབ་ཀྱིས་ཕན་ཚུན་ལྟ་སྐྱོང་བྱེད་ཀྱི་ཡོད།

    རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་ཉི་མ་ཚེ་རིང་ནི་ལྕང་ལོ་ཁང་གསར་སྡེ་ཁུལ་ནས་འཚང་ལོངས་བྱུང་བའི་དྭ་ཕྲུག་ཅིག་ཡིན་པ་དང་། ཁོང་གིས་ང་རང་ཆུས་དུས་ནས་ཕ་མ་གཉིས་འདས་ཟིན་པས་གྲོང་མི་ཁྱིམ་མཚེས་ཀྱི་ལྟ་སྐྱོང་འོག་འཚར་ལོངས་བྱུང་བ་ཞིག་ཡིན། བཀའ་དྲིན་དེ་ནི་ནམ་ཡང་བརྗེད་ཐབས་མེད་ཅེས་བརྗོད།

    2007ལོ་ནས་བཟུང་། ཉི་མ་ཚེ་རིང་གིས་སྦག་སྦག་བཏང་སྟེ། གཞིས་རྩེའི་ཐག་རིང་གྲོང་གསེབ་དང་ས་བབ་མཐོ་བའི་འབྲོག་ཁུལ་ཡོངས་རྫོགས་བསྐོར་བ་དང་། སྔ་རྗེས་སུ་དྭ་ཕྲུག་27གམ་དུ་བསུས་ཏེ་ནོར་འཕེལ་བྱིས་པའི་ཕན་བདེ་ཁང་བཙུགས་པ་རེད། ཁོང་གིས“ཡུལ་མི་སྤུན་ཟླ་རྣམས་ཀྱིས་ང་ཆེན་པོ་ཆགས་ཆགས་གསོས་པ་རེད། ངས་ཕན་ཚུན་རོགས་རེས་ཀྱི་བརྩེ་བ་དེ་མུ་མཐུད་བརྒྱུད་སྤྲོད་བྱེད་ཀྱི་ཡིན”ཞེས་བརྗོད།

    རང་སྐྱོང་ལྗོངས་རིམ་པའི་སྒྲོག་འགྲེལ་པ་ཡིན་པའི་ངོས་ནས། ཉི་མ་ཚེ་རིང་གིས་ལོ་བཅུ་ལྷག་ཙམ་ནང་གཞིས་རྩེའི་རྫོང་དང་ཆུས་18དང་ཤང་དང་གྲོང་རྡལ་བརྒྱ་ལྷག་ཙམ་དུ་བསྐྱོད་དེ་མི་རིགས་མཐུན་སྒྲིལ་དང་ཏང་གི་སྲིད་ཇུས་སྒྲོག་འགྲེལ་ཐེངས་3100ལྷག་ཙམ་བྱས་པ་དེ་མང་ཚོགས་མི་ཐེངས་ཁྲི་50ལྷག་ཙམ་ལ་ཁྱབ་སྟེ། ཏང་གི་སྲིད་ཇུས་ཁག་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཞིང་ནང་དང་མུ་ཁ་དང་འབྲོག་རར་དྲིལ་བསྒྲགས་བྱས་ཡོད།

    ཁོང་གི་སྣེ་ཁྲིད་འོག ལྕང་ལོ་ཁང་གསར་སྡེ་ཁུལ་དེ་ཉིད་མཉམ་སྡོད་མཉམ་སྦྱོང་དང་མཉམ་སྐྲུན་མཉམ་རོལ་གྱི་ཁྱིམ་གཞིས་སུ་གྱུར་པ་དང་འབྲེལ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ལའང་བདམས་པ་རེད།

    རང་འགན་ཕྲག་ཏུ་ཁུར་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྲུངས་པ།

    གྲོ་མོ་རྫོང་ཤར་གསིང་མ་སྡེ་ཁུལ་དུ་ཀན་སུའུ་ནས་ཡིན་པའི་ལི་ཤིས་ཅུན་1998ལོར་དམག་ཞབས་ཐིམ་རྗེས་བོད་དུ་ཡོང་བ་དང་2000ལོར་བོད་རིགས་བུ་མོ་སྒྲོལ་མ་ཚེ་རིང་དང་གཉེན་སྒྲིག་བྱས་རྗེས། གངས་ལྗོངས་ས་མཐོར་གཞིས་ཆགས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་སེམས་ཐག་བཅད། ཁོང་གིས་བོད་སྐད་ཧུར་ཐག་སྦྱངས་ནས་གོ་བརྡ་མི་འཕྲོད་པའི་དཀའ་ངལ་བསལ་བ་མ་ཟད། ས་གནས་དེ་གའི་འཚོ་བའི་གོམས་གཤིས་མགྱོགས་མྱུར་འཇགས་པར་བྱས་ཏེ་སྔ་རྗེས་སུ་སྡེ་ཁུལ་ཏང་ཀྲི་པུའི་འཐབ་ཕྱོགས་གཅིག་གྱུར་ཨུ་ཡོན་དང་ཡུལ་དམག་གི་ལྡིང་དཔོན་གྱི་འགན་འཁུར་ཡོད། ལོ་28རིང་། ཁོང་གིས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་སོགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་ཐེངས་1500ལྷག་ཙམ་བྱས་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་ཁག་30ལྷག་ཙམ་འདུམ་འགྲིག་བྱས་པ། མཐའ་མཚམས་སུ་སྐོར་གཡེང་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་སོགས་ཀྱི་ལས་འགན་ཐེངས་1200ལྷག་ཙམ་ནང་ཞུགས་ནས། རྐང་ཐང་མར་མཐའ་མཚམས་སྐོར་གཡེང་བྱས་པ་དང་དངོས་སྒྲུབ་ཀྱི་ཐོག་ནས་ཕྱོགས་གཅིག་གི་བདེ་འཇགས་སྲུང་བཞིན་མཆིས།

    དེ་དང་ཆབས་ཅིག སྡེ་ཁུལ་གྱི་ཀུའེ་ཉ་གསོ་ཚགས་མཉམ་ལས་ཁང་གི་དོ་དམ་པ་ལི་ཤིས་ཅུན་གྱིས་ཐོག་མཐའ་བར་གསུམ་དུ“ཐུན་མོང་འབྱོར་ཕྱུག”གི་དམིགས་ཚད་བློ་ལ་བརྟན་པོར་ངེས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁྱད་ལྡན་གསོ་ཚགས་འཕེལ་རྒྱས་བཏང་ཞིང་། རིམ་རྩིས་བརྒྱབ་ན་ཉ་རྒྱ་མ་ཁྲི་2.1ལྷག་ཙམ་བཙོངས་པར་ཡོང་འབབ་སྒོར་ཁྲི་68ལྷག་ཙམ་བྱུང་བ་དང་། ཁོང་གིས་རིན་མེད་ངང་ཚ་ལ་རྒྱག་སྟངས་བསླབས་ནས་མི་རིགས་ཁག་གི་མང་ཚོགས་20ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་མ་ཟད། ཁོང་ཚོར་འབབ་འཕར་སྒོར་ཁྲི་120ལྷག་ཙམ་བྱུང་སྟེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་པར་བྱས་ཡོད།

    འཕྲིན་ཡིག་གཅིག་གིས་ལེ་དབར་སྟོང་གི་ལས་འབྲེལ་བཏོད་པ།

    པ་སྣམ་རྫོང་སློབ་ཆུང་དུ་སློབ་ཚན་གྲོལ་བའི་ཅོང་སྒྲ་གྲགས་མ་ཐག་ཕྲུ་གུ་ཚོ་མཉམ་དུ་འཛོམས་ནས་ཐག་རིང་དུ་ཡོད་པའི“སྨྱུག་གྲོགས”ལ་འཕྲིན་ལན་འབྲི་གི་ཡོད། དེ་ནི་པ་སྣམ་རྫོང་སློབ་ཆུང་དང་ཅི་ནན་གྱི་ཆ་སྒྲིག་སློབ་གྲྭའི་དབར་གྱི་ཁ་ཆད་ཅིག་རེད།

    པ་སྣམ་རྫོང་སློབ་ཆུང་གིས་ལོ་མང་རིང་ཅི་ནན་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་མང་པོ་ཞིག་གི་སློབ་མ་ཚོ་དང་མཛའ་གྲོགས་རོགས་སྐྱོར་གྱི་ཆ་བསྒྲིགས་ཏེ“ལག་གདང་སྦྲེལ་ནས་འཕྲིན་ཡིག་བསྐུར་རེས”དང“དྲ་ཐོག་ནས་སློབ་ཚན་ཐེངས་གཅིག་ཉན་པ”དེ་སྔ་ས་ནས་ས་གནས་གཉིས་པོའི་དགེ་སློབ་ཀྱི་རྒྱུན་རྣམ་ཅན་གྱི་སྤེལ་རེས་བྱེད་སྟངས་ལ་གྱུར་ཡོད།

    འཕྲིན་ཡིག་སྟོང་ཕྲག་མང་པོ་བསྐུར་རེས་དང་དྲ་ཐོག་ནས་མཉམ་འགུལ་ཐེངས་བརྒྱ་ཕྲག་མང་པོ་བྱས་པ་བརྒྱུད། ས་གནས་གཉིས་པོའི་ཕྲུ་གུ་ཕན་ཚུན་རྒྱུས་མངའ་མེད་པ་ནས་གྲོགས་པོ་བློས་ཐུབ་ཏུ་གྱུར་ཏེ་ཡི་གེ་དང་རི་མོའི་ཁྲོད“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་གོ་དོན་ཟབ་མོ་རྟོགས་ཡོད།

    འཕྲིན་ཡིག་བསྐུར་རེས་བྱས་པ་ཕུད། སློབ་གྲྭས་ད་དུང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་རྒྱུན་གཏན་གྱི་སློབ་ཁྲིད་ནང་བཅུག་སྟེ“མཉམ་དུ་འཚར་ལོངས་བྱེད། སེམས་པ་གཅིག་ཏུ་སྦྲེལ”དང“མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་འཛིན་ཚོགས”སོགས་ཀྱི་བྱེད་སྒོ་ཐེངས་200ལྷག་ཙམ་སྤེལ་བར་དགེ་སློབ་མི་ཐེངས་3000ལྷག་ཙམ་ལ་ཁྱབ་ནས། མི་རིགས་མཐུན་སྒྲིལ་དེ་ལོ་ཆུང་བྱིས་པའི་སེམས་ནང་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།