སྨན་བཅོས་ཐོན་ཁུངས་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ལ་གཞི་རིམ་དུ་སྨན་པ་ཐེངས་དང་པོ་བསྟེན་པར་ཁྲིད་སྟོན་བྱས་པ།
རང་རྒྱལ་གྱིས་རིམ་དབྱེའི་སྨན་བཅོས་མ་ལག་མགྱོགས་མྱུར་བཙུགས་པ།
ཟླ་5ཚེས་7ཉིན་ལོ་79ལ་སླེབས་པའི་སྐུ་ཞབས་ཆིའུ་ལགས་ལ་ཁྱིམ་ཚང་སྨན་པའི་དཔུང་ཁག་གི་བདེ་ཐང་དོ་དམ་པ་ཧོང་ལི་ཨོའུ་ཡི་འཚམས་འདྲིའི་ཁ་པར་འབྱོར་བ་རེད། འདི་ལོའི་ཟླ་བ་3པར། ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་སི་མིང་ཆུས་ཀུའུ་ལང་ཡུས་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཁྱིམ་ཚང་སྨན་པའི་ཚོགས་པས་སྐུ་ཞབས་ཆིའུ་ལགས་ཀྱི་བྲང་ཁོག་གི་CTབརྟག་དཔྱད་བྱས་འབྲས་ལ་གཞིགས་ནས་ཁོང་གི་ཏོག་དབྱིབས་འཕར་རྩ་ཀལ་འགྱུར་བྱེད་ཚད་མཐོ་ཙམ་དང་སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་ཆེ་ཙམ་ཡོད་པ་ཤེས་རྟོགས་བྱུང་བས། འཕྲལ་མར་ཁོང་ཆེད་ཚན་སྨན་ཁང་དུ་བསྐྱོད་ནས་བརྟག་དཔྱད་ཞིབ་ཕྲ་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད། ཉིན་གཉིས་པར་སྐུ་ཞབས་ཆིའུ་ལགས་སྡེ་ཁུལ་གྱི་སྨན་ཁང་སྒྱུར་བའི་ལྗང་མདོག་བགྲོད་ལམ་བརྒྱུད་ཞ་མོན་སློབ་ཆེན་ཁོངས་གཏོགས་ཀྱི་སྙིང་ཁམས་ཁྲག་རྩའི་ནད་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་ཅིང་། བརྟག་དཔྱད་བྱས་འབྲས་ལས་མངོན་པ་ལྟར་ན། ཏོག་དབྱིབས་འཕར་རྩ་ཧ་ཅང་དོག་པོ་ཡོད་རྐྱེན་གཤགས་བཅོས་བྱས་པ་བརྒྱུད། སྐུ་ཞབས་ཆིའུ་ལགས་མགྱོགས་མྱུར་དྲག་སྐྱེད་བྱུང་ཏེ་སྨན་ཁང་ནས་དོན་པ་རེད།
ད་ལོ་ནས་བཟུང་། ཁྱིམ་ཚང་སྨན་པའི་ཚོགས་པ་དེས་ཏོག་དབྱིབས་འཕར་རྩ་དོག་ཚད་འབྲིང་བ་དང་ཚབས་ཆེ་བའི་ནད་པ་མང་པོ་བརྟག་དཔྱད་ཐུབ་པ་དང་འབྲེལ་སྨན་ཁང་བསྒྱུར་ནས་སྨན་བཅོས་བྱས་པ་དེ་ནི་རང་རྒྱལ་གྱིས་རིམ་དབྱེའི་སྨན་བཅོས་མ་ལག་མགྱོགས་མྱུར་བསྐྲུན་པའི་བསྡུས་རིས་ཤིག་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས “སྤུས་ལེགས་ནུས་ཆེའི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་དགོས”ཞེས་བསྟན་གནང་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་། རིམ་དབྱེའི་སྨན་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད་ཅིང་། ཟླ་བ་4པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རིམ་དབྱེའི་སྨན་བཅོས་མ་ལག་མགྱོགས་མྱུར་འཛུགས་དགོས་པའི་སྐོར་གྱི་བྱེད་ཐབས་འགའ་ཞིག》བཀྲམ་པ་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་སོགས་སྡེ་ཚན་གྱིས་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ནས་རིམ་དབྱེའི་སྨན་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་ཐོག་མང་ཚོགས་ཐག་ཉེ་སར་སྨན་བཅོས་བྱེད་ཐུབ་པའི་དགོས་མཁོ་བསྐངས་ཡོད།
མིག་སྔར། རང་རྒྱལ་གྱི་རིམ་དབྱེའི་སྨན་བཅོས་ཀྱི་བཀོད་པ་གཞི་རྩའི་ཆ་ནས་བཙུགས་ཟིན་པ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ལ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཁྲི་110ལྷག་ཙམ་ཡོད་པར་གྲོང་མི་90%ལྷག་ཙམ་སྐར་མ་15ཡི་ནང་ཐག་ཉེ་ཤོས་ཀྱི་སྨན་བཅོས་ཞབས་ཞུའི་ས་ཚིགས་སུ་འབྱོར་གྱི་ཡོད། 2025ལོར་རྒྱལ་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་སྨན་བཅོས་བྱས་པའི་མི་ཐེངས་དུང་ཕྱུར་55.6ཟིན་པ་དེས་རྒྱལ་ཡོངས་ཀྱི་སྨན་བཅོས་བྱས་པའི་མི་འབོར་གྱི་52.6%བཟུང་ཡོད། རིམ་དབྱེའི་སྨན་བཅོས་མ་ལག་འཛུགས་པ་དེ་རྨང་གཞི་ཡག་པོ་འདིང་བ་ནས་སྤུས་ཚད་དང་ཕན་འབྲས་ཕྱོགས་བསྡུས་མཐོར་གཏོང་གི་དུས་མཚམས་སུ་རིམ་བཞིན་འགྱུར་བཞིན་ཡོད་པ་རེད།
འབྲེལ་ཟབ་སྨན་བཅོས་མཉམ་འབྲེལ་ཚོགས་པའི་སྤུས་ཚད་མཐོར་གཏོང་དང་ཁྱབ་རྒྱ་ཆེ་རུ་བཏང་ནས་སྨན་བཅོས་ཐོན་ཁུངས་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་པ།
གྲོང་ཁྱེར་81གིས་འབྲེལ་ཟབ་གྲོང་ཁྱེར་སྨན་བཅོས་ཚོགས་པའི་ཚོད་ལྟའི་ལས་དོན་སྤེལ་བ་དང་། རྫོང(གྲོང་ཁྱེར་དང་ཆུས)2199ཡིས་འབྲེལ་ཟབ་རྫོང་ཁོངས་སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུགས་བཞིན་ཡོད། བསྐྲུན་ཟིན་པའི་འབྲེལ་ཟབ་རྫོང་ཁོངས་སྨན་བཅོས་མཉམ་འབྲེལ་ཚོགས་པ་3000ཙམ་ཁྲོད་ནས་2300ལྷག་ཙམ་རྫོང་སྨན་ཁང་གིས་སྣེ་ཁྲིད་པ་དང་600ལྷག་ཙམ་རྫོང་ཀྲུང་ལུགས་སྨན་ཁང་གིས་སྣེ་ཁྲིད་དེ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཁྲི་3.3ལ་ཁྱབ་པ་དང་རྫོང་གི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་1100ལྷག་ཙམ་དང་རྫོང་རིམ་པའི་མ་བུ་འཕྲོད་སྦྱོར་ལས་ཁུངས་1600ལྷག་ཙམ་འདུས་ཆེའི་རྫོང་ཁོངས་སྨན་བཅོས་མཉམ་འབྲེལ་ཚོགས་པའི་ནང་ཞུགས་ཡོད་པ་རེད། 2025ལོར་འདུས་ཆེའི་རྫོང་ཁོངས་སྨན་བཅོས་མཉམ་འབྲེལ་ཚོགས་པའི་ནང་གཞི་རིམ་དུ་སྨན་བཅོས་བྱས་པའི་མི་ཐེངས་ཀྱིས་བཟུང་བའི་བསྡུར་ཚད་63%ལྷག་ཙམ་ཟིན་ཡོད།
ས་གནས་ཁག་གིས་གསོ་རིག་གློག་པར་དང་། སྙིང་པར་བརྟག་དཔྱད། གསོ་རིག་བརྟག་དཔྱད། དུག་སེལ། ནད་གཞི་བརྟག་དཔྱད་སོགས་ཐོན་ཁུངས་མཉམ་སྤྱོད་ལྟེ་གནས་མགྱོགས་མྱུར་བསྐྲུན་ནས་སྨན་བཅོས་མཉམ་འབྲེལ་ཚོགས་པའི་ནང་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་འདྲ་མཚུངས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བཞིན་ཡོད་པ་རེད།
མང་ཚོགས་ལ་གཞི་རིམ་དུ་སྨན་པ་ཐེངས་དང་པོ་བསྟེན་པར་ཁྲིད་སྟོན་བྱས་ཏེ་ཕྱོགས་གཉིས་ལ་སྨན་ཁང་སྒྱུར་བའི་ཐབས་ལམ་ཤར་གཏོང་བྱས་པ།
“ད་ཆ་སྨན་ལེན་སྐབས་གྲོང་ཚོ་ནས་ཕྱིར་འགྲོ་མི་དགོས་པས་སྟབས་བདེ་པོ་འདུག”ཅེས་ཉེ་ཆར་ཅང་ཤིས་ཞིང་ཆེན་ཅི་ཧྲུའེ་རྫོང་པའེ་ཧྲུའེ་གྲོང་རྡལ་ཧུང་ཆའོ་གྲོང་ཚོའི་ཡུལ་མི་ཝང་ཅིའུ་ཤིའུ་ཡིས་གྲོང་ཚོའི་འཕྲོད་བསྟེན་ཁང་ནས་སྨན་བླངས་པ་དང་། ཝང་ཅིའུ་ཤིའུ་ལ་གཅོང་ནད་ཕོག་ནས་སྨན་ཡུན་རིང་བཟའ་དགོས་རྐྱེན་དེ་སྔ་སྤྱི་ལེ་ཁ་ཤས་ཀྱི་སར་ཡོད་པའི་ཤང་འཕྲོད་བསྟེན་ཁང་དུ་སྨན་ལེན་པར་འགྲོ་དགོས་ཀྱི་ཡོད། ད་ཆ་ཁོང་གིས་གྲོང་ཚོའི་འཕྲོད་བསྟེན་ཁང་ནས་སྨན་ལེན་ཆོག་པ་མ་ཟད། སྨན་བཅོས་འགན་བཅོལ་གྱི་གཱ་སྤྱད་ནས་མཇུག་རྩིས་རྒྱག་ཆོག་གི་ཡོད་པ་རེད།
རང་རྒྱལ་གྱིས་ཆ་རྐྱེན་དང་མཐུན་པའི་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དག་དུས་ཐོག་ཏུ་སྨན་བཅོས་འགན་བཅོལ་གྱི་གནས་གཏན་འཁེལ་ཁྱབ་ཁོངས་ནང་བཅུག་ནས་མང་ཚོགས་ཐག་ཉེ་སར་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་ཡོད། གཞི་རིམ་གྱི་རྒྱུན་མཐོང་ནད་རིགས་ལ་དམིགས་ནས“ནད་དང་བསྟུན་ནས་སྨན་སྤྱོད་རྒྱུ”མཐའ་འཁྱོངས་བྱས་ཏེ་ནད་པའི་རྒྱུན་མཐུད་སྨན་སྤྱོད་པའི་དགོས་མཁོ་སྐོང་བཞིན་ཡོད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) སྨན་བཅོས་དུས་ཡུན་རིང་པོ་བྱེད་དགོས་པའི་ནད་པར་ཐེངས་གཅིག་ལ་གཟའ་འཁོར་12ལས་མི་བརྒལ་བའི་ཡུན་རིང་སྨན་ཐོ་བྲིས་ནས་གཅོང་ནད་ཕོག་པའི་ནད་པ་འགྲོ་འོང་བྱེད་ཉུང་དུ་བཏང་ཡོད།
དེ་དང་ཆབས་ཅིག ས་གནས་ཁག་གིས་དམ་ཟབ་རྣམ་པའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་སྣེ་ཁྲིད་སྨན་ཁང་ལ་ཁྲིད་སྟོན་བྱས་ནས་གཞི་རིམ་སྨན་བཅོས་སྒྲིག་གཞིར་བསྡུར་ཚད་ངེས་ཅན་གྱི་ཨང་ཀི་དང་ཉལ་ཁྲི་སྔོན་ཉར་བྱས་ཏེ་གཞི་རིམ་ནས་བརྟག་དཔྱད་ཐོག་མ་བྱས་ཟིན་པའི་ནད་པ་སྨན་ཁང་གཞན་སྒྱུར་བྱས་ནས་སྨན་བཅོས་དུས་ཐོག་ཏུ་ཐུབ་པར་བྱས་ཡོད། “ཀུན་བཅོས་དང་ཆེད་ཚན”མཉམ་འབྲེལ་སྒོ་བསྟེན་སྨན་བཅོས་ཁྱབ་གདལ་བཏང་ནས་མང་ཚོགས་གཞི་རིམ་དུ་མཁོ་ཆོད་སྨན་པའི་བདེ་ཐང་དོ་དམ་ཞབས་ཞུ་དང་ཆེད་ཚན་སྨན་པའི་ཆེད་ལས་སྨན་བཅོས་མཛུབ་ཁྲིད་དུས་གཅིག་ཏུ་སྤྱོད་ཐུབ་པར་བྱས་ཡོད།
ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་བྱེད་རྒྱ་ཆེ་རུ་བཏང་ནས་གན་འཇོག་ཞབས་ཞུའི་སྤུས་ནུས་ཆེ་རུ་བཏང་བ།
ཐོག་ཁང་གི་ཚན་པའི་སྒོ་རྩར་ཁྱིམ་ཚང་སྨན་པའི་སྤྱི་བསྒྲགས་བྱང་བུ་རེ་རེ་བཞིན་སྦྱར་བ་ནས་སྐད་འཕྲིན་ཚོགས་པའི་ནང་བདེ་ཐང་དྲན་སྐུལ་རེ་རེ་བཞིན་བསྐུར་བའི་བར་དང་། གནད་སྨིན་རིགས་དབྱེ་བྱས་པའི་སྡེ་ཁུལ་གྱི“བདེ་ཐང་ས་བཀྲ”རེ་རེ་ནས“ཁང་བཤེར”རྣམ་པའི་བདེ་ཐང་རྗེས་འདེད་འཚམས་འདྲི་རེ་རེ་བཞིན་བྱེད་པའི་བར་སོགས་ནི་རང་རྒྱལ་གྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད།
2025ལོའི་ལོ་མཇུག་བར། རང་རྒྱལ་གྱི་ཁྱིམ་ཚང་སྨན་པའི་བསྡོམས་འབོར་ཁྲི་139.1ཟིན་ནས་རྒན་རྒོན་དང་། བྱིས་པ། སྦྲུམ་མ། ཁྲག་ཤེད་མཐོ་བ། གཅིན་སྙི་ཟགས་ཁུའི་ནད་སོགས་ཀྱི་ནད་པར་གན་འཇོག་ཞབས་འདེགས་ཞུས་པ་དང་། ས་གནས་ཁག་གཅིག་ལ་གཙོ་གནད་མི་ཚོགས་དང་གན་འཇོག་བྱེད་ཚད་80%ལྷག་ཟིན་ཡོད་པ་རེད།
ད་ལོ་ནས་བཟུང་། ས་གནས་ཁག་གིས་ཁྱིམ་ཚང་སྨན་པས་རྒན་རྒོན་དང་བྱིས་པ་འབྲེལ་ཐག་ཏུ་བྱས་ཏེ་ཁྱིམ་ཚང་གི་ཁོངས་མི་ཡོངས་དང་ཡུན་རིང་དང་བརྟན་པོའི་གན་འཇོག་ཞབས་ཞུའི་འབྲེལ་བ་འཛུགས་པར་ལྕག་སྐུལ་བྱས་ཡོད། དེ་དང་ཆབས་ཅིག མི་ཚོགས་མི་འདྲ་བའི་དགོས་མཁོར་གཞིགས་ནས་ཆུ་ཚད་དེ་བས་མཐོ་བའི་རང་གཤིས་ཅན་གྱི་གན་འཇོག་ཞབས་ཞུ་འཕེལ་རྒྱས་བཏང་ནས་ཁྱིམ་ཚང་སྨན་པ་བདེ་ཐང་སྲུང་སྐྱོང་བ་ཡག་པོ་ཞིག་བྱེད་པར་སྐུལ་འདེད་བཏང་བ་རེད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་ལེ་ཧའེ་ཁྲའོ་ཡིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་རང་རྒྱལ་གྱིས་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་གཏོང་གི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་གཞི་རིམ་གཙོ་གནད་དུ་བྱས་ཏེ་རིམ་དབྱེའི་སྨན་བཅོས་མ་ལག་འཛུགས་མགྱོགས་སུ་གཏོང་བ་དང་། རིམ་ཁག་སྨན་བཅོས་སྒྲིག་གཞིའི་དབར་གྱི་ལས་བགོས་མཉམ་ལས་ལམ་སྲོལ་འཛུགས་པ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མང་ཚོགས་ལ་དེ་བས་སྟབས་བདེ་དང་། སྤུས་ལེགས་ནུས་ཆེ། མ་ལག་རྒྱུན་མཐུད་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་བྱེད་རྒྱུ་རེད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།