དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རི་པིན་གྱི“དམག་རྒྱལ་རིང་ལུགས་གསར་པས”ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་འཇིགས་སྐུལ་ཚབས་ཆེན་བཟོ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཏིང་ཏུའོ།   |     སྤེལ་དུས།  2026-05-13

    ཉིན་ཤས་གོང་། རི་པིན་སྲིད་གཞུང་གིས“བདེ་སྲུང་ཡིག་ཆ་གསུམ”གྱི་བཟོ་བཅོས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་རིགས་གཅིག་མཁས་ཅན་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། རི་པིན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡིས་ཚོགས་འདུར“བདེ་སྲུང་ཡིག་ཆ་གསུམ”ལ་བཟོ་བཅོས་རྒྱག་པའི་ལས་དོན་ནི་རྒྱལ་ཁབ་ཀྱི་ལས་དབང་ལ་ཁ་ལོ་སྒྱུར་བའི་ལས་དོན་གལ་ཆེན་ཞིག་ཡིན་པས། “དམག་འཐབ་བྱེད་སྟངས་གསར་པར”ཁ་གཏད་གཅོག་པར་སྐུལ་འདེད་གཏོང་བ་དང་དེ་བཞིན་ཡུན་རིང་གི་དམག་འཁྲུག་ལ་གྲ་སྒྲིག་ཡག་པོ་བྱས་ནས། མཚོ་ཐོག་གི་བདེ་སྲུང་ནུས་པ་དང་དྲ་རྒྱའི་བདེ་འཇགས་དང་དཔལ་འབྱོར་བདེ་འཇགས་འགན་ལེན་ལ་སྐུལ་འདེད་གཏོང་དགོས་པའི་འཆལ་གཏམ་སྤེལ་བ་རེད།

    ཉེ་ཆར་རི་པིན་གྱི“དམག་རྒྱལ་རིང་ལུགས་གསར་པས”རྒྱུན་ཆད་མེད་པར་བག་མེད་བྱེད་སྤྱོད་སྤེལ་གྱི་ཡོད། རི་པིན་རང་སྲུང་དམག་གིས་དམག་མི་ཆིག་སྟོང་ལྷག་ཙམ་མངགས་ནས་ཨ་རི་དང་ཧྥི་ལི་ཕིན་གྱི“དཔུང་པ་མཉམ་གཤིབ”ཀྱི་མཉམ་འབྲེལ་དམག་དོན་ནང་སྦྱོང་ལ་ཞུགས་པ་དེ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་རི་པིན་སྒྲིག་གཞི་ཚང་བའི་དམག་འཐབ་སྟོབས་ཤུགས་ཐོག་ནས་ཧྥི་ལི་ཕིན་དུ་དམག་དོན་ནང་སྦྱོང་ལ་ཞུགས་ཐེངས་དང་པོ་དེ་ཡིན་ཞིང་། ནང་སྦྱོང་བྱེད་རིང་མཚོ་ཁ་ནས་གྲུ་གཟིངས་ལ་རྒོལ་བའི་88རྟགས་ཅན་གྱི་འཕུར་མདེལ་སྤྱད་དེ་མདེལ་དངོས་འཕངས་པ་རེད། རི་པིན་སྲིད་གཞུང་གིས“འགོག་སྲུང་སྒྲིག་ཆས་གཞན་སྒྱུར་གྱི་རྩ་དོན་གསུམ”དང་དེའི་བེད་སྤྱོད་ཕྱོགས་སྟོན་ལ་དངོས་སུ་བཟོ་བཅོས་བརྒྱབ་ནས་འགོག་སྲུང་སྒྲིག་ཆས་ཕྱིར་གཏོང་གི་ཚོད་འཛིན་ལྷུག་ཏུ་ཤུགས་ཆེན་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། འཛམ་གླིང་དམག་ཆེན་གཉིས་པར་དམག་ཕམ་པའི་རྒྱལ་ཁབ་རི་པིན་གྱིས་ཞི་བདེའི་ཁས་ལེན་བརྟན་སྲུང་དང་ལོ་རྒྱུས་ཀྱི་བསླབ་བྱ་ལེན་དགོས་མོད། འོན་ཀྱང་ད་ཆ་དམག་དོན་སྟོབས་ཤུགས་ཕྱི་ཕྱོགས་སུ་རྒྱ་སྐྱེད་ཤུགས་ཆེན་གཏོང་གི་ཡོད། ཉེན་ཁའི་བྱེད་སྤྱོད་རབ་དང་རིམ་པས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དེ་ནི་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་མངོན་སུམ་འཛེམས་མེད་ཀྱིས་བསྙད་རྐོ་བ་ཞིག་རེད།

    དུས་ཡུན་རིང་པོའི་ནང་རི་པིན་གྱི“ཞི་བདེའི་རྩ་ཁྲིམས”ཀྱི་ཚོད་འཛིན་ཕོག་པའི་རྐྱེན་གྱིས་རི་པིན་གྱི་འགོག་སྲུང་སྒྲིག་ཆས་རྒྱལ་ཁབ་གཞན་ལ་རོགས་སྐྱོབ་དང་། སྐྱེལ་འདྲེན། ཉེན་ཟོན། ལྟ་ཞིབ། འབར་མདེལ་མེད་པར་བཟོ་བ་སོགས་ཕར་རྒོལ་རང་བཞིན་མིན་པའི་ཁྱབ་ཁོངས་སུ་ཚོད་འཛིན་ནན་པོ་བྱས་ཡོད། ཉེ་ཆར་རི་པིན་གྱིས་གོ་མཚོན་ཕྱིར་གཏོང་གི་ཚོད་འཛིན་ལྷུག་ཏུ་ཤུགས་ཆེན་བཏང་ནས་ཚོད་འཛིན་གྱི་སྒྲོམ་གཞི་དེ“རྩ་དོན་ཐོག་འགོག་སྲུང་སྒྲིག་ཆས་ཚང་མ་གཏོང་ཆོག་པའི”བར་ལྷུག་ཏུ་བཏང་བ་མ་ཟད། “བདེ་འཇགས་འགན་ལེན་གྱི་ཁོར་ཡུག་ཛ་དྲག་པ”དང“རོགས་ཟླའི་རྒྱལ་ཁབ་ཕན་ཚུན་རྒྱབ་སྐྱོར་བྱེད་པ”སོགས་ལ་ཁ་གཡར་གྱི་ཡོད། བྱེད་སྟངས་དེས་ཕྱི་ཚུལ་ནས“ཆེད་དོན་འགོག་སྲུང”གི་བྱང་བུ་མཐོན་པོར་བཏེགས་མོད། དོན་དངོས་སུ་ཞི་བདེའི་མིང་ཐོག་ནས་དམག་དཔུང་རྒྱ་སྐྱེད་བཏང་སྟེ་དམག་འཁྲུག་རྗེས་ཀྱི་ཞི་བདེའི་སྒྲིག་སྲོལ་རྒྱུན་ཆད་མེད་པར་སྣང་མེད་དུ་གཏོང་གི་ཡོད།

    རི་པིན་གྱི“དམག་རྒྱལ་རིང་ལུགས་གསར་པའི”ཉེན་ཁའི་བྱེད་སྤྱོད་ལས་ཐོན་པའི་ངན་འབྲས་མངོན་བཞིན་ཡོད་པ་སྟེ། གཅིག་ནི་རི་པིན་གྱིས་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ནང་དུ་དེའི་དམག་ཤུགས་འཕེལ་རྒྱས་ལ་ཚོད་འཛིན་ཁ་གསལ་བྱས་པ་དེར་མངོན་སུམ་འཛེམ་མེད་ངང་གཏོར་བཤིག་བཏང་བ་དང་དམག་ཕམ་པའི་རྒྱལ་ཁབ་ཀྱིས་འཁུར་དགོས་པའི་བཅའ་ཁྲིམས་དང་དྲང་བདེན་གྱི་འགན་འཁྲིར་སྣང་ཆུང་བཏང་བས། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གྱི་རྨང་གཞིར་རྡབ་རྡེག་ཚབས་ཆེན་ཕོག་པ་དང་། གཉིས་ནི་དམག་དོན་ཐལ་སྐྱོད་ཀྱིས་རི་པིན་རྒྱལ་ནང་གི་གཡས་རུའི་ཕྱོགས་གཏོགས་ཀྱི་ཧམ་ཆེའི་རྫིག་ཉམས་མུ་མཐུད་འཕེལ་བར་བྱས་པ་དང་། གཡས་ལྷུང་ཅན་གྱི་གླེང་ཕྱོགས་ཀྱིས་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་ལུགས་མཐུན་གྱི་འབོད་སྒྲ་རྒྱུན་ཆད་མེད་པར་འགོག་གནོན་བྱས་པ། དམག་རྒྱལ་རིང་ལུགས་ཀྱི་སྐྱུག་བྲོ་བའི་བསམ་བློའི་རླབས་རྒྱུན་འཕྱུར་བ་བཅས་ལས་ས་ཁུལ་གྱི་ཞི་བདེར་མི་མངོན་པའི་རྐྱེན་ངན་ཆེན་པོ་བཟོས་པ། གསུམ་ནི་རི་པིན་དང་ས་ཁོངས་རེ་ཟུང་གི་རྒྱལ་ཁབ་དབར་དམག་དོན་གྱི་འཆིང་རྒྱ་དམ་དུ་བཏང་བ་མ་ཟད། ད་དུང་བྱང་ཆིངས་རྩ་འཛུགས་དང་ས་ཁོངས་ལས་བརྒལ་བའི་མཐུན་སྦྱོར་མཉམ་འགུལ་བྱས་ནས། ཨེ་ཤེ་ཡ་ཤར་མར་བརྟན་ལྷིང་མེད་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་རྒྱུན་མཐུད་ངང་བཟོས་པས། ས་ཁུལ་གྱི་གདོང་ཐུག་ལ་ཁ་གཏད་གཅོག་པའི་ཉེན་ཁ་མངོན་གསལ་དོད་པོས་ཆེ་རུ་སོང་སྟེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་གི་སྤྱི་ཡོངས་ལ་གཏོར་བཤིག་བཏང་བ་བཅས་རེད།

    དམག་ཕམ་པའི་རྒྱལ་ཁབ་ཀྱི་ཐོབ་ཐང་གིས་རི་པིན་ལ་རང་སྐྱོན་རང་བརྟག་དང་གཅུན་འདོམས་ཀྱི་འོས་འགན་དཀྲིས་མོད། ཡིན་ནའང་ད་ཆ་རི་པིན་གྱི་བྱེད་སྟངས་ནི་འོས་འགན་དེ་མངོན་སུམ་འཛེམ་མེད་ངང་རྒྱབ་ཏུ་བསྐྱུར་བ་དང་སྲུང་བཅད་དེར་གདུག་རྩུབ་ཆེན་པོས་རྡོག་རོལ་བཏང་བ་ཞིག་རེད། ལོ་རྒྱུས་ཀྱི་ནོར་འཁྲུལ་གྱི་བསམ་བློར་ཕྱིར་ལོག་དང་དམག་དོན་བྱ་སྤྱོད་ཀྱི་ཐལ་སྐྱོད་གཅིག་ཏུ་འདྲེས་པ་ལས་རི་པིན་གྱིས“སླར་ཡང་དམག་དོན་ཅན”མགྱོགས་སུ་གཏོང་བ་ནི་ཁས་མི་ལེན་ཐབས་མེད་ཀྱི་དོན་དངོས་ཤིག་རེད། འཕེལ་རིམ་དེར་ལམ་ཐིག་ཇུས་འགོད་ཁ་གསལ་ཡོད་ལ་རྒྱུན་མཐུད་དོན་འཁྱོལ་གྱི་བྱ་སྤྱོད་ཀྱང་ཡོད་པས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཞི་བདེའི་སྒྲིག་ལམ་ལ་ཐད་ཀར་འཇིགས་སྐུལ་བཟོ་གི་ཡོད།

    ལོ་རྒྱུས་ཀྱི་བསླབ་བྱ་ལེགས་པར་ལེན་དགོས་ཏེ། སྐབས་དེ་དུས་རི་པིན་དམག་རྒྱལ་རིང་ལུགས་ཀྱིས་ཕྱི་ཕྱོགས་སུ་གདུག་རྩུབ་ཆེན་པོས་རྒྱ་སྐྱེད་བཏང་ནས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་བརྗོད་ཀྱིས་མི་ལངས་པའི་སྡུག་བསྔལ་ཆེན་པོ་བཟོས་ཡོད་ལ། མཐར་རི་པིན་རང་ཉིད་ལའང་མཇུག་འབྲས་ངན་པ་བཟོས་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཞི་བདེར་གཅེས་སྤྲས་བྱེད་མཁན་རྒྱལ་ཁབ་ཚང་མས་རི་པིན་གྱི“དམག་རྒྱལ་རིང་ལུགས་གསར་པར”ཁ་གཏད་གཅོག་པར་རིག་པ་དྭངས་གསལ་གྱི་ངོས་འཛིན་རྒྱུན་འཁྱོངས་བྱེད་པ་ལས་དེ་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་། དམག་འཁྲུག་རྗེས་ཀྱི་སྒྲིག་ལམ་ལ་འགྲན་སློང་དང་ས་ཁུལ་གྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་རྩིས་བྱེད་པའི་དམག་དོན་གྱི་ཐལ་སྐྱོད་བྱེད་སྤྱོད་གང་ཞིག་ཡིན་རུང་མཐར་ས་ཁུལ་གྱི་རྒྱལ་ཁབ་ཁག་གི་ཐུན་མོང་ངོ་རྒོལ་འོག་ཕམ་ཉེས་འགྲོ་ངེས་རེད།

    (རྩོམ་པ་པོ་ནི་ཀྲུང་གོ་ལྷོ་རྒྱ་མཚོ་ཞིབ་འཇུག་ཁང་ས་ཁོངས་རྒྱལ་ཁབ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།