“དབྱི་ཀྲུང་གི་རིག་གནས་སྤེལ་རེས་ལ་མཆན་འགྲེལ་གསར་པ་བཀོད་པ”
ཝེ་ཉི་སི་རྒྱལ་སྤྱིའི་སྒྱུ་རྩལ་ལོ་ཟུང་འགྲེམས་སྟོན་སྐབས་རེ་ གཅིག་པའི་ཀྲུང་གོའི་འགྲེམས་ཁང་དུ་བསྐྱོད་པ། འདི་ག་ཚགས་པར་གྱི་གསར་འགོད་པ། ཤེ་ཡ་ཧུང་།

ཉེ་ཆར། ཝེ་ཉི་སི་རྒྱལ་སྤྱིའི་སྒྱུ་རྩལ་ལོ་ཟུང་འགྲེམས་སྟོན་སྐབས་རེ་གཅིག་པའི་ཀྲུང་གོའི་འགྲེམས་ཁང་གི་འགྲེམས་སྟོན་ཝེ་ཉི་སིར་འགོ་ཚུགས་པ་རེད། ཀྲུང་གོའི་སྒྱུ་རྩལ་བརྩམས་ཆོས་འཛམ་གླིང་སྒྱུ་རྩལ་གྱི་རླབས་རྒྱུན་དང་ལྷན་དུ་འགྲོགས་ནས་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་དང་། སྒྱུ་རྩལ་དང་ཚན་རྩལ་མཉམ་གནས་ཀྱི་ཐུན་མོང་མ་ཡིན་པའི་འོད་མདངས་འཚེར་ཡོད།
ཀྲུང་གོའི་འགྲེམས་ཁང་དེ་ནི་ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུས་གཙོ་གཉེར་བྱས་པ་དང་ཀྲུང་གོའི་མཛེས་རྩལ་སློབ་གླིང་གིས་ཇུས་འགོད་དང་འགྲེམས་སྟོན་བྱས་པ་རེད། ཀྲུང་གོའི་འགྲེམས་ཁང་གི་ཇུས་འགོད་འགྲེམས་སྟོན་པ་དང་ཀྲུང་གོ་མཛེས་རྩལ་སློབ་གླིང་གི་ཡོན་ཀྲང་ཡུས་ཤུས་ཧུང་གིས་ཀྲུང་གོའི་འགྲེམས་ཁང་གི་བརྗོད་དོན་གཙོ་བོ“རྨི་འཕྲུལ”ནི་སུང་རྒྱལ་རབས་བྱང་མའི་ཧྲེན་ཁོའོ་ཡིས་བརྩམས་པའི《རྨི་འཕྲུལ་ཟིན་ཐོ》ཅེས་པའི་ནང་དོན་ལས་བཏུས་པ་དང་། སྐབས་འདིའི་ཝེ་ཉི་སིའི་རྒྱལ་སྤྱིའི་སྒྱུ་རྩལ་གྱི་ལོ་ཟུང་འགྲེམས་སྟོན་གྱི་བརྗོད་དོན་གཙོ་བོར་བསྟུན་པ་དང་ཆབས་ཅིག་སྙན་ངག་གི་ཉམས་དང་གཏིང་ཟབ་པའི་མཚན་ཉིད་རིག་པར་བརྟེན་ནས་གྲངས་འཛིན་དུས་རབས་སུ་ཤར་ཕྱོགས་རིག་གནས་ཀྱི་གསོན་ཤུགས་མཚོན་ཁར། མི་ཐབས་རིག་ནུས་དུས་རབས་སུ་སྒྱུ་རྩལ་གྱི་ཉམས་དང་དྲོ་སྐྱིད་མངོན་པར་བྱས་ཡོད།
འགྲེམས་ཁང་གི་ཟུར་ཞིག་ཏུ་བཞག་པའི་ཡིག་གཟུགས་འཕྲུལ་མི་ཞིག་གིས་ལྟད་མོ་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད། ཀྲུང་གོ་མཛེས་རྩལ་སློབ་གླིང་དང་ཀྲུང་གོའི་ཁེ་ལས་ཀྱིས་མཉམ་འབྲེལ་ཐོག་ཞིབ་འཇུག་གསར་སྤེལ་བྱས་པའི་འཕྲུལ་མི་དེས་ཝང་ཏུང་ལིང་གི་ཡིག་གཟུགས་ཀྱི་ཐུན་མོང་མ་ཡིན་པའི་སྨྱུག་རྩལ་དང་ཉམས་འགྱུར་ཇི་མ་ཇི་བཞིན་འབྲི་ཐུབ། འཕྲུལ་མིས་སྣག་ཚ་སྨོག་པ་དང་། ཤོག་བུ་འདིང་བ། སྨྱུ་གུ་བཟུང་བ་བཅས་བྱས་ནས་བྱང་ཆ་དོད་པོས“རྨི”དང“འཕྲུལ”ཞེས་པའི་ཡིག་འབྲུ་གཉིས་བྲིས། སར་པི་ཡའི་ཟློས་གར་གར་སྟེགས་ཀྱི་འཁྲབ་ལྗོངས་བཟོ་བཀོད་པ་ཁེ་ཤེ་ཉི་ཡས་བྲིས་ཟིན་པའི“རྨི”ཞེས་པའི་ཡི་གེ་ལག་ཏུ་བཟུང་ནས་གསར་འགོད་པར་རང་ཉིད་ཀྲུང་གོའི་རིག་གནས་ལ་ཧ་ཅང་དགའ་པོ་ཡོད། རྒྱ་ཡིག་གི་ཡིག་གཟུགས་དེ་ལྟར་མཛེས་པོ་ཡོད་པ་བསམ་ཡུལ་ལས་འདས་སོང་། ཡི་གེ་འདི་མཛེས་རྒྱན་དུ་བྱས་ནས་ཁྱིམ་གྱི་གྱང་ངོས་སུ་འགེལ་གྱི་ཡིན་ཞེས་བརྗོད་པ་རེད། ཝེ་ཉི་སིའི་ལོ་ཟུང་འགྲེམས་སྟོན་གྱི་ཀྲུའུ་ཞི་པུའུ་ཐ་ཧྥུའུ་ཁེ་ཡིས་ཀྲུང་གོའི་འགྲེམས་ཁང་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཁོང་གིས་བརྗོད་དོན་གཙོ་བོ“རྨི་འཕྲུལ”ནི་སྒོ་མོ་ཆེན་པོ་ཞིག་དང་འདྲ་བར་ལྟད་མོ་བ་ཤར་ཕྱོགས་ཀྱི་མཐོང་ཚོར་དང་ཤེས་རྟོགས་ཀྱི་མ་ལག་ནང་དུ་དྲངས་པ་མ་ཟད།
“འགྲེམས་ཁང་འདིས་དབྱི་ཀྲུང་གི་རིག་གནས་སྤེལ་རེས་ལ་མཆན་འགྲེལ་གསར་པ་བཀོད་ཡོད”ཅེས་བརྗོད། དབྱི་ཐ་ལིའི་ཙུང་ལི་གཞོན་པ་སར་ཝུའེ་ཉི་ཡིས་ཀྲུང་གོའི་འགྲེམས་ཁང་དུ་ལྟ་སྐོར་འཚམས་འདྲི་བྱེད་སྐབས། ཀྲུང་གོའི་འགྲེམས་ཁང་གི་འགྲེམས་སྟོན་ཧ་ཅང་ངོ་མཚར་ཆེ་བ་ལས་ཀྲུང་གོའི་ལོ་རྒྱུས་རིག་གནས་མཚོན་ཡོད་ལ་ཀྲུང་གོའི་འབྱུང་འགྱུར་ཡང་མཚོན་ཡོད་ཅེས་བརྗོད།
གཟི་བརྗིད་ངང་རྒན་ཡོལ་ཞུས་པའི་སྨི་ལན་པུའུ་ལེ་ལཱ་མཛེས་རྩལ་སློབ་གླིང་གི་སྒྱུ་རྩལ་ལོ་རྒྱུས་ཀྱི་དགེ་རྒན་ཆེ་མོ་བ་ཨན་ཏེ་ལེ་ཡ་གུར་ཆིའུ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོའི་འགྲེམས་ཁང་ལ་ལྟ་སྐོར་ཐེངས་མང་བྱས་པར་ཕྱིར་དྲན་བྱས་ཤིང་། གུར་ཆིའུ་ཡིས་ཀྲུང་གོའི་འགྲེམས་ཁང་ནི་ལོ་ཟུང་འགྲེམས་སྟོན་གྱི་ཁྱད་ཆོས་དང་མཐུན་པ་མ་ཟད། བརྒྱུད་རིམ་ལྡན་པའི་སྒོ་ནས་ཞི་མཐུན་མཉམ་གནས་སོགས་ཀྱི་རིན་ཐང་གི་ལྟ་བ་ཟབ་མོའང་མངོན་ཡོད། ཀྲུང་གོའི་སྒྱུ་རྩལ་མཁས་ཅན་གྱིས་རྩེར་སོན་ལག་རྩལ་དང་སྲོལ་རྒྱུན་སྙན་ངག་གི་ཉམས་དང་ཟུང་འབྲེལ་བྱས་ནས་འཛམ་གླིང་ལ་ཀྲུང་གོའི་སྒྱུ་རྩལ་གྱི་གསོན་ཤུགས་ཆེན་པོ་ཞིག་མངོན་པར་བྱས་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།