དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱོད་ཚུལ་ལེགས་གཏོང་འབད་འབུངས་མཉམ་ཤུགས་སྒྲིལ། ཉམས་ལེན་འབད་སྒྲུབ་མདུན་སྐྱོད་ལམ་བུ་གཏོད།

    རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་སྒྲིལ་གླེང་བཅོ་ལྔ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-13

    མང་ཚོགས་ཀྱི་དོན་དག་སྒྲུབ་སྐབས་སྟབས་བདེ་བསྐྲུན་པ་དང་། ཁེ་ལས་གཉེར་སྐྱོང་བྱེད་སྐབས་དེ་བས་སྟབས་བདེ་བ། སྡེ་ཁུལ་གྱི་བྱ་བ་ཆུང་ཙག་ཆེད་མངགས་སྒྲུབ་མཁན་ཡོད་པ། ཁྱད་ལྡན་ཐོན་རྫས་གྲོང་ཚོ་ནས་དེ་བས་འཚོང་བདེ་བ་སོགས་ཉིང་ཁྲི་གྲོང་ཁྱེར་གྱི་ཁྲོམ་གཞུང་ཆེ་ཆུང་གང་ས་དང་གྲོང་གསེབ་དང་འབྲོག་ཁུལ་དུ་ཐོན་པའི“བདེ་སྐྱིད་ཆུང་ཆུང”དེ་དག་ལས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་སྟབས་བདེ་བསྐྲུན་པ་མ་ཟད། མི་སེར་ལ་མཐོང་ཐོས་མྱོང་རེག་གི་སྐྱིད་སྣང་ཡང་སྦྱིན་ཡོད།

    སྤྱོད་ཚུལ་ལེགས་མིན་མང་ཚོགས་ལ་སྐད་ཆ་ཤོད་དབང་ཆེ་ཤོས་ཡོད་པ་དང་། ལག་ལེན་ཡག་ཉེས་འཕེལ་རྒྱས་ཀྱིས་ཞིབ་བཤེར་ར་སྤྲོད་ཐུབ་ཤོས་ཡིན། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་དོན་འཁྱོལ་ལག་བསྟར་སོགས་ཀྱི་འཕེལ་རྒྱས་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“གསེར་གྱི་ལྡེ་མིག”ལྟ་བུར་བརྩི་བ་དང་། འགག་རྩའི་གཙོ་གནད་ལ་དམ་པོར་དམིགས་པ། ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱིས་ཤེས་ཚོར་ཐུབ་པའི“འཇུག་གཞི་ཆུང་ངུར”བརྟེན་ནས“སྒྱུར་བཅོས་ཆེན་པོར”སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་སྐྲུན་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། སྲིད་དོན་སྒྱུར་བཅོས་ཀྱི་སྤུས་ཕན་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་གཏོང་བ། དམངས་འཚོ་འགན་ལེན་གྱིས་མི་སེམས་དྲོས་པ་སོགས་ཕྱོགས་མང་པོ་ནས་ཤུགས་རྒྱག་པ་དང་ས་ཁོངས་ཡོངས་སུ་གཏིང་ཟབ་སྤེལ་ཞིང་། སྒྱུར་བཅོས་འཚོལ་ཞིབ་བྱེད་པའི་བརྒྱུད་རིམ་ནང་ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་ཀྱི་གྲུབ་འབྲས་ཁག་150ལྷག་ཙམ་སྙིང་བསྡུས་བྱས་པའི་ནང་ཁྱད་ལྡན་ཉམས་མྱོང་ཁག་31ལྗོངས་ཡོངས་སུ་ཁྱབ་གདལ་དང་དོན་འཁྱོལ་བྱས་པ་རེད།

    སྤྱོད་ཚུལ་ལེགས་སུ་བཏང་སྟེ་འབད་འབུངས་མཉམ་ཤུགས་སྒྲིལ་བ་དང་ཉམས་ལེན་འབད་སྒྲུབ་བྱས་ནས་མདུན་སྐྱོད་ཀྱི་ལམ་བུ་ཇི་ལྟར་འདིང་དགོས་སམ་ཞེ་ན། ཉིང་ཁྲིའི་ལག་ལེན་རེ་རེ་བགྲང་བར་བྱའོ།

    སྲིད་དོན་ཞབས་ཞུའི“སྐར་ཁུང་ཆུང་ངུར”བརྟེན་ནས་དམངས་འཚོ་ལེགས་གཏོང་གི“བྱ་བ་ངོ་མ”སྒྲུབ་པ།

    “ལས་གཉེར་ལག་ཁྱེར་ཉིན་ཕྱེད་ལས་མ་འགོར་བར་གཉེར་ཟིན་པ་དང་ཁེ་ལས་འཛུགས་པར་ཉིན་གཅིག་ལས་འགོར་གྱི་མེད་པ་དེ་ནི་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ཉིང་ཁྲི་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཁེ་ལས་འཛུགས་གཉེར་ཆེད་ཁུལ་དུ་འགྲོ་ལུགས་གཉེར་མ་ཐག་པའི་བཀྲ་ཤིས་ཀྱི་ལག་ཏུ་ལས་གཉེར་ལག་ཁྱེར་དང་ཁེ་ལས་འཛུགས་གཉེར་གྱི་རྟེན་འབྲེལ་ལག་རྟགས་འཁྱེར་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་བཤད།

    དེ་སྔོན་ཁེ་ལས་འཛུགས་གཉེར་བྱེད་པར་ལས་གཏོད་པས་ཁྲོམ་ར་ལྟ་འདོམས་དང་ཁྲལ་དོན་སོགས་སྡེ་ཚན་མང་པོའི་སྐར་ཁུང་དུ་བང་མང་པོ་བསྒྲིགས་ནས་ཕར་རྒྱུག་ཚུར་རྒྱུག་བྱེད་དགོས་ཀྱི་ཡོད། “སྡེ་ཚན་མང་པོར་ཡང་སེ་འགྲོ་དགོས་པ”དང་། “སྲིད་ཇུས་འཚོལ་དཀའ་བ་དང་སྲིད་ཇུས་ལོངས་སྤྱོད་འགོར་བ” “དོན་དག་སྒྲུབ་རིམ་རྙོག་དྲ་ཆེ་བ་དང་སྒུག་ཡུན་རིང་བ”སོགས་ཚང་མ་ཚོང་གཉེར་ཁོར་ཡུག་ལ་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་གཙོ་བོ་རེད།

    མང་ཚོགས་ཀྱི་རེ་ཞུར་དམིགས་ནས་ཉིང་ཁྲི་གྲོང་ཁྱེར་གྱིས་སྤྱོད་ཚུལ་ལེགས་སུ་བཏང་སྟེ་ཞབས་ཞུ་རིམ་སྤོར་ལ་སྐུལ་འདེད་བཏང་བ་དང་། ཁྲོམ་ར་ལྟ་འདོམས་དང་། ཁྲལ་དོན། སྤྱི་བདེ་སོགས་སྡེ་ཚན་མང་པོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་པ། ཁེ་ལས་འཛུགས་གཉེར་ཆེད་སྤྱོད་སྐར་ཁུང་བཙུགས་ནས“རེ་ཞུའི་རེའུ་མིག་གཅིག་དང་། དཔྱད་ཡིག་ཆ་ཚང་གཅིག བདག་སྤྲོད་སྐར་ཁུང་གཅིག”བཅས་ཀྱི་ཞབས་ཞུ་ཁྱབ་གདལ་བཏང་བ་རེད། ཁེ་ལས་གཉེར་བའི་དུས་ཚད་དེའང་ལས་ཀའི་ཉིན་མོ་3ནས་ཉིན་ཕྱེད་བར་ཐུང་དུ་བཏང་བ་དང་འབྲེལ་རིན་མེད་ངང་ཁེ་ལས་ལ་ལྷན་སྦྱར་གྱི་ཐམ་ག་དང་། ལས་གཉེར་ལག་ཁྱེར་སྦྲག་བསྐུར། ཁྲལ་དོན་ཐོ་འགོད་སོགས“ལུ་གུ་བརྒྱུད་འབྲེལ”གྱི་ཞབས་འདེགས་ཞུ་ཡི་ཡོད།

    ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པ་ཕུད། ཉིང་ཁྲི་གྲོང་ཁྱེར་གྱིས་ད་དུང“དཔང་ཡིག་མི་དགོས་པའི་གྲོང་ཁྱེར”འཛུགས་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དཔང་ཡིག་སྣ་ཚོགས་སྔར་བས་ཁུ་བསྡུ་དང་ལས་སྒྲུབ་བརྒྱུད་རིམ་སྟབས་བདེ་རུ་བཏང་སྟེ། མང་ཚོགས་དོན་དག་སྒྲུབ་སྐབས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་དང་ཐ་ན་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པར་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཉིས་བརྒྱུད་ཁང་པ་ཉོ་ཚོང་ཕྱོགས་བསྡུས་ཞབས་ཞུའི་སྐར་ཁུང་དུ། གྲོང་མི་ཡུས་ཞའོ་ཧྥང་གིས་རྒྱུ་བདག་བརྗེ་བའི་འགྲོ་ལུགས་གཉེར་ཟིན་པའི་འཛིན་ཤོག་འཁྱེར་ནས་གསར་འགོད་པར“དེ་སྔ་ཐེངས་གསུམ་བཞི་ཙམ་ཕྱིན་ཡང་སྒྲུབ་ཐུབ་པའི་ངེས་པ་མེད། ད་ལྟ་ཨང་ཀི་གཅིག་རང་ལེན་ནས་སྐར་ཁུང་གཅིག་ཏུ་དཔྱད་གཞིའི་ཡིག་རིགས་ཆ་ཚང་ཞིག་སྤྲོད་ཐེངས་གཅིག་ལ་ཚང་མ་སྒྲུབ་ཐུབ་ཀྱི་འདུག”ཅེས་བཤད།

    “ང་ཚོས་དཔྱད་ཡིག་ཆ་ཚང་གཅིག་ཁུ་བསྡུ་བྱས་ནས་སྒྲུབ་གཉེར་དུས་ཚོད་ལས་སྒྲུབ་ཉིན་མོ་3ནང་ཚུན་དུ་ཐུང་དུ་བཏང་བས་སྒྲུབ་གཉེར་ལས་ཕྱོད་50%ཡན་མཐོ་རུ་ཕྱིན་པ་མ་ཟད། མང་ཚོགས་ཀྱི་དོན་དག་སྒྲུབ་པའི་ཁུར་པོའང་དངོས་འབྲེལ་ཡང་དུ་ཕྱིན་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པས་ངོ་སྤྲོད་བྱས།

    གཞི་རིམ་བཅོས་སྐྱོང་གི“དྲ་མིག་ཆུང་ངུར”བརྟེན་ནས་མང་ཚོགས་ཀྱི“གནད་དོན་ཆེན་པོ”ཐག་གཅོད་བྱེད་པ།

    “དེ་སྔ་དཀའ་ངལ་འཕྲད་ན་སུ་ཞིག་བཙལ་དགོས་པ་ཤེས་ཀྱི་མེད། དཔེར་ན། སྡོད་ཁང་གི་ཤོད་དུ་སྔོ་ཚལ་དང་འཁྱགས་ཟོག་ཚོང་ཁང་བཙོག་ཟིང་ཞན་གསུམ་ཡོད་པའི་ཁར་དྲི་ངན་ཡང་བྲོ་ཡི་ཡོད། དེ་རིགས་སྙན་སེང་ཞུས་ཚེ། སྡེ་ཁུལ་གྱིས་དེ་སྡེ་ལས་ཀྱི་ལས་ཀ་རེད་ཟེར་བ་དང་སྡེ་ལས་ཀྱིས་དོ་དམ་བྱེད་མི་ཐུབ་ཅེས་བརྗོད་པར་བརྟེན། གནད་དོན་དེ་ཡུན་རིང་པོ་སོང་ཡང་ཐག་གཅོད་ཐུབ་ཀྱི་མེད། ད་ཆ་དྲ་མིག་སྐད་འཕྲིན་ཞབས་ཞུ་ཚོགས་པའི་ནང་བརྡ་འཕྲིན་ཞིག་བཏང་ན། སྡེ་ཁུལ་དང་། སྡེ་ལས། ལས་བགོས་དོ་དམ་སྡེ་ཚན་བཅས་ཀྱིས་མགྱོགས་མྱུར་སྒོ་རྩར་ཡོང་ནས་མཐུན་སྦྱོར་ཐག་གཅོད་བྱེད་ཀྱི་ཡོད”ཅེས་བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་ཁོངས་གཏོགས་ཀྱི་བདེ་སྐྱིད་ཁུལ་ཆུང་གི་གྲོང་མི་ཚེ་རིང་ཆོས་སྒྲོན་གྱིས་བརྗོད་ཅིང་། ཁོང་གིས“ལྟོས་དང་། ངས་ཚོགས་པའི་ནང་བརྡ་འཕྲིན་བསྐུར་མ་ཐག་ང་ལ་འབྲེལ་བ་བྱེད་མཁན་འདུག”ཅེས་ཡིད་མགུ་ནས་བཤད།

    གཞི་རིམ་ནི་སྲིད་ཇུས་དོན་འཁྱོལ་བྱེད་པའི“མཐའ་མའི་འགག་གནད་ཅིག”ཡིན་ལ། མང་ཚོགས་ཀྱིས་སྤྱོད་ཚུལ་ལེགས་གཏོང་ཐད་ཀར་ཚོར་ཐུབ་པའི“འཐབ་ས་དང་པོ”ཡང་ཡིན། སྔོན་ཆད་གཞི་རིམ་བཅོས་སྐྱོང་ཁྲོད་དུ“ལས་བྱེད་པས་གཤམ་སྐྱོད་མི་བྱེད་པ་དང་མང་ཚོགས་ཀྱིས་རེ་འདུན་ཞུ་དཀའ་བ”དང་། “སྡེ་ཚན་གྱིས་རང་འགན་གཞན་དཀྲི་དང་གནད་དོན་ཐག་མི་ཆོད་པར་ཡུན་རིང་ལུས་པའི”སྣང་ཚུལ་ཡང་སེ་ཐོན་གྱི་ཡོད་ཅིང་། མང་ཚོགས་ལ་དཀའ་ངལ་འཕྲད་སྐབས་རྟག་ཏུ་སྡེ་ཚན་མང་པོ་འཚོལ་དགོས་པས་དུས་ཚོད་འགོར་ལ་དཀའ་ལས་ཆེན་པོ་ཡོད།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ནི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བྱ་རྒྱུ་དེ་རེད། ཉིང་ཁྲི་གྲོང་ཁྱེར་གྱིས་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱས་ནས། དྲ་མིག་ཅན་གྱི་བཅོས་སྐྱོང་བྱེད་སྟངས་རྒྱུན་མཐུད་ཧུར་ཐག་གཉེར་བ་དང་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་སྟངས་གསར་གཏོད་བྱས་ནས་གཞི་རིམ་བཅོས་སྐྱོང་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་ཧུར་ཐག་བསལ་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱིས“ཁྲོམ་གཞུང+སྡེ་ཁུལ+དྲ་མིག+ཁུལ་ཆུང+དུད་སྦྲེལ+ཐོག་ཁང་གི་ཏང་ཡོན་དུད་ཚང”བཅས་ལག་བསྟར་མཐར་ཕྱིན་གྱི་ཏང་རྩ་འཛུགས་ཀྱི་འབྲེལ་ཐག་བཙུགས་ནས་མི་འབོར་གྱི་བསྡུར་ཚད་གཞིར་བཟུང་དྲ་མིག་1006ལེགས་སྒྱུར་དང་བསྡུ་སྒྲིལ་གྱིས“དྲ་མིག+N”བཅོས་སྐྱོང་བྱེད་སྟངས་ཟབ་ཏུ་བཏང་ཞིང་། དྲ་མིག་ཕྱོགས་སུ་བཅོས་སྐྱོང་གི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་དང་། དྲ་མིག་ཕྱོགས་སུ་ཞབས་ཞུ་སྒྲུབ་པ། དྲ་མིག་ཏུ་གནད་དོན་ཐག་གཅོད་བཅས་བྱེད་པར་སྐུལ་འདེད་བཏང་བ་རེད།

    “ད་ཆ་ང་ཚོའི་རྒྱུན་གཏན་གྱི‘བྱ་བ་ཆུང་ཙག’རྣམས་སྡེ་ཁུལ་གྱི་ཁྲོམ་གཞུང་ཚང་མས‘བྱ་བ་ཆེན་པོར’བརྩིས་ནས་སྒྲུབ་ཀྱི་ཡོད། བྱ་བ་ཚང་མ་དོན་ཐོག་ཏུ་འཁྱོལ་ཐུབ་པས་ཚང་མ་བློ་ཧ་ཅང་བདེ་ཞིང་སྐྱིད་པོ་འདུག”ཅེས་ཚེ་རིང་ཆོས་སྒྲོན་གྱིས་ཁྲོམ་གཞུང་དང་སྡེ་ཁུལ་གྱི་ལས་དོན་ལ་སྙིང་ཐག་པ་ནས་བསྔགས་བརྗོད་བྱས།

    “དྲ་མིག་ཆུང་ངུར”བརྟེན་ནས་མང་ཚོགས་ཀྱི“གནད་དོན་ཆེན་པོ”ཐག་གཅོད་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་དྲོ་སྐྱིད་ལྡན་ལ་མང་ཚོགས་དང་འབྲེལ་འདྲིས་ཐུབ་པར་བྱས་ཤིང་། མང་ཚོགས་ཀྱི་ངག་ནས་བརྗོད་པའི་འགྱུར་ལྡོག་དེ་དག་ནི་གཞི་རིམ་དུ་སྤྱོད་ཚུལ་ལེགས་གཏོང་དོན་འཁྱོལ་གང་ལེགས་བྱས་པའི་དཔང་རྟགས་ཡག་ཤོས་ཤིག་རེད།

    འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་སྐྱེལ་བཅས་མཉམ་འདྲེས་ཀྱི“བགྲོད་ལམ་ཆུང་ངུར”བརྟེན་ཏེ་ཁྱད་ལྡན་ཐོན་རྫས་གྲོང་ཚོ་ནས་ཕྱིར་ཚོང་བྱེད་པའི“ཐབས་ལམ་ཆེན་པོ”གཏོད་པ།

    “དེ་སྔ་དངོས་པོ་བསྐུར་བའམ་ལེན་སྐབས་ཤང་དང་རྫོང་དུ་འགྲོ་དགོས་ལ། འགྲུལ་འཁོར་གཟའ་འཁོར་གཅིག་ལ་ཐེངས་གཉིས་མ་གཏོགས་གཏོང་གི་མེད། ད་ཆ་དེ་སྔོན་དང་འདྲ་ཡི་མེད། གྲོང་ཚོའི་ལམ་མདོ་ནས་མྱུར་སྐྱེལ་གཏོང་ལེན་ཐུབ་ཀྱི་ཡོད། རྒྱུན་བཙུགས་རླངས་འཁོར་གྱིས་ཞོར་དུ་ཅ་དངོས་འཁྱེར་གྱི་ཡོད་པས་མགྱོགས་ལ་སྟབས་བདེ་པོ་འདུག”ཅེས་པའི་ས་གནས་དེ་གའི་མང་ཚོགས་ཀྱི་སྐད་ཆ་ཟོལ་མེད་ཀྱི་ཐོག་ནས་ཉེ་བའི་ལོ་ཤས་རིང་ཀོང་པོ་རྒྱ་མདའ་རྫོང་གི་འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་སྐྱེལ་བཅས་མཉམ་འདྲེས་རིམ་སྤོར་བྱས་པ་ལས་བྱུང་བའི་ཕན་འབྲས་མཚོན་གྱི་ཡོད།

    ཀོང་པོ་རྒྱ་མདའ་རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1.3ཙམ་ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི་3.3ལས་མེད་ཅིང་། དེའི་ནང་གྲོང་གསེབ་ཀྱི་མི་འབོར་ཁྲི་2.58ཡོད། གྲོང་གསེབ་ཀྱི་ས་རྒྱ་ཆེ་བ་དང་མི་འབོར་ཁ་ཐོར་ཡིན་པས་ཟོག་འགྲུལ་སྡེབ་སྐྱེལ་གྱི་དཀའ་ཚད་ཆེན་པོ་ཡོད། དེ་གོང་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་གྲོང་ཚོ་ནས་ཕྱིར་ཚོང་བྱེད་དགོས་ན་ཟོག་འགྲུལ་ས་ཚིགས་མང་པོ་བརྒྱུད་དགོས་པས་དུས་ཡུན་རིང་བ་དང་མ་གནས་མཐོ་བས། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཐད་ཀར་ཚོད་འཛིན་ཕོག་གི་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱིས་ཐབས་ལམ་རྙིང་པ་དང་རྒྱུན་འཇགས་ཀྱི་བསམ་བློར་ཐོད་རྒལ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚད་གཞི་གསར་པ་དང་བླང་བྱ་གསར་པར་རང་འགུལ་ངང་འཚམ་པར་བྱས་ཤིང་། གྲོང་གསེབ་ཟོག་འགྲུལ་གྱི་འཕེལ་རྒྱས་ཞན་ཆར་གཞིགས་ཏེ་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་བཏང་བ་རེད། 2024ལོར་ཀོང་པོ་རྒྱ་མདའ་རྫོང་ཚོད་ལྟ་བྱ་ཡུལ་དུ་བྱས་ནས“མཉམ་འགུལ་གསུམ་དང་བསྡུ་སྒྲིལ་གསུམ་དང་མཐོར་གཏོང་གསུམ”གྱི་རྣམ་པ་གསར་གཏོད་ངང་ཁྱབ་གདལ་བཏང་ནས་འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་སྐྱེལ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་བ་དང་ས་མཐོའི་གྲོང་གསེབ་ཀྱི་ཟོག་འགྲུལ་འཕེལ་རྒྱས་ཀྱི་དཀའ་གནད་བསལ་བ་རེད།

    ཀོང་པོ་རྒྱ་མདའ་རྫོང་གིས་སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས་བྱེད་སྟངས་སླར་ཡང་རིམ་སྤོར་བྱས་ཏེ་འགྲུལ་སྐྱེལ་དང་། སྦྲག་སྲིད། མྱུར་སྐྱེལ་བཅས་ཕྱོགས་མང་པོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ས་ཆ་དང་ས་ཚིགས་མཉམ་སྤྱོད་དང་། སྐྱེལ་འདྲེན་ནུས་ཤུགས་མཉམ་སྤྱོད། མི་སྣའི་ལས་གནས་གཅིག་ལྕོགས་བཅས་ལ་སྐུལ་འདེད་བཏང་བ་དང་། མཉམ་འདྲེས་ཆེད་སྤྱོད་ལམ་ཐིག་ཤར་གཏོང་དང་། འཁོར་སྐྱོད་ཐེངས་གྲངས་མང་དུ་གཏོང་བ། ཞབས་ཞུའི་ཁྱབ་ཁོངས་སྣུར་སྲིང་བཅས་བྱས་ཏེ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ནུས་ཆེའི་འཁོར་རྒྱུག་མ་ལག་འཛུགས་གཏོད་བྱས་པ་རེད།

    གྲོང་གསར་ཤང་གི་འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་སྐྱེལ་བཅས་ཀྱི་མཉམ་འདྲེས་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་པ་ཆུང་བདག་གིས“ད་ལྟའི་མཉམ་འདྲེས་རྒྱུན་བཙུགས་འགྲོ་ལམ་ཉིན་རེར་ཐེངས་གཉིས་གཏོང་གི་ཡོད་པས་ཡུལ་མིས་ཉིན་ལྟར་གྲོང་མདའ་ནས་དུས་ཐོག་ཏུ་དུས་གཏན་རླངས་འཁོར་ལ་སྡོད་ཐུབ་ཀྱི་ཡོད། འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་སྐྱེལ་བཅས་མཉམ་འདྲེས་བྱས་པ་ནས་བཟུང་བསྐུར་མ་གྲོང་ཚོར་འབྱོར་པའི་བརྒྱུད་འདྲེན་དུས་ཚོད་ཆ་སྙོམས་ཆུ་ཚོད་3ཡན་ཐུང་དུ་ཕྱིན་པ་དང་བསྐུར་མ་གྲོང་ཚོ་ནས་གྲོང་རྡལ་དུ་བསྐུར་བའི་དུས་ཚོད་ཆུ་ཚོད་24ལྷག་ཙམ་མགྱོགས་སུ་ཕྱིན་ཏེ་མྱུར་སྐྱེལ“འབྱོར་ཐུབ་པ”ནས“མགྱོགས་པོ་འབྱོར་ཐུབ་པའི”བར་གྱི་འགྱུར་ལྡོག་ཕྱིན་ཡོད། “ཡུལ་མི་ཚོས་བཏུས་པའི་བེ་ཤྭ་སོགས་ནགས་ཁྲོད་ཐོན་རྫས་ཀྱང་འགྲུལ་སྐྱེལ་གྱི་དུས་གཏན་རླངས་འཁོར་བརྒྱུད་མགྱོགས་མྱུར་བསྐུར་ཐུབ་པས་འགྲོ་སྐྱོད་སྟབས་བདེ་ལ་ཡོང་འབབ་ཀྱང་མང་དུ་ཕྱིན་ནས་ཡུལ་མི་ཚང་མས་བསྔགས་བརྗོད་བྱེད་ཀྱི་འདུག”ཅེས་བཤད།

    ཀོང་པོ་རྒྱ་མདའ་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔའི་བར་འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་སྐྱེལ་བཅས་མཉམ་འདྲེས་བྱེད་སྟངས་ལས་རིམ་རྩིས་བརྒྱབ་ན་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཁྲི་86.8ལྷག་ཙམ་ཟིན་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་42ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་ཡོད།

    མང་ཚོགས་ཀྱི“རེ་འབོད”དེ“བཀའ་རྒྱ”ལྟ་བུར་བརྩིས་ནས་མགྱོགས་མྱུར་ཐག་གཅོད་བྱེད་པ་དང་། ཁེ་ལས་ཀྱི“དཀའ་གནད”དེ“བརྗོད་གཞིར”བརྩིས་ཏེ་ཞིབ་འཇུག་ཐག་གཅོད་བྱེད་པ། གཞི་རིམ་གྱི“འགག་གནད”དེ“དམིགས་སར”བརྩིས་ཏེ་གནད་སྨིན་ཚད་བརྒལ་བྱེད་པ་སོགས། ཐབས་ཤེས་གསར་གཏོད་ལས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི“མགྱོགས་ལམ”ཞིག་བཏོད་པ་དང་། གྲུབ་འབྲས་དེ་དག་ལག་བསྟར་དང་ཚོད་ལྟ་བྱེད་པའི“ཉམས་མྱོང”དུ་འགྱུར་བར་བྱེད་པ་དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱིས་སྤྱོད་ཚུལ་འཛུགས་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཉིས་མཉམ་འདྲེས་ཀྱི་འགྲོ་ལམ་ཐོག་སྐྱོད་པའི་ཐབས་ལམ་ཞིག་རེད།

    སྤྱོད་ཚུལ་འཛུགས་སྐྱོང་ནི་མཚམས་མེད་རྒྱུན་སྒྲུབ་ཀྱི་བྱ་བ་ཞིག་ཡིན་ཞིང་། གོམ་སྟབས་རྗེས་མར་ཉིང་ཁྲི་གྲོང་ཁྱེར་གྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱ་རྒྱུའི་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་ནས། “བོད་ཀྱི་སྒྱུར་བཅོས་ཚོད་ལྟ་ཁུལ”ལ་བརྩོན་ཞིབ་ཟབ་མོ་བྱ་རྒྱུ་རང་འགན་དུ་མུ་མཐུད་བརྩིས་ནས་འཕེལ་རྒྱས་ཀྱི་གདིང་ཤུགས་ཆེ་རུ་གཏོང་བ་དང་། སྒྱུར་བཅོས་ཀྱི་གསོན་ཤུགས་འཕེལ་བ། དམངས་འཚོའི་དྲོ་སྐྱིད་དམ་དུ་བཟུང་བ་བཅས་བྱེད་པ་དང་། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱེད་པ། སྒྱུར་བཅོས་སྒོ་དབྱེའི་སྔོན་བསྟར་འཛུགས་སྐྱོང་ལ་སྤུས་འབྲས་ལེགས་གཉེར་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། བསྐྱར་ཟློས་ཆོག་པ་དང་ཁྱབ་གདལ་རུང་བའི་ལག་ལེན་གྱི་ཉམས་མྱོང་དེ་བས་མང་བ་ཞུན་བརྡར་རྩེ་གཅིག་ཏུ་བྱེད་པ་བཅས་བྱས་ནས། ཉིང་ཁྲིས“གནད་དོན་གཅིག་ཐག་གཅོད”བྱས་ནས་ལྗོངས་ཡོངས་ལ“གནད་དོན་དེ་རིགས་ཐག་གཅོད”བྱེད་རོགས་ཧུར་ཐག་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་བསྐྲུན་ཆེད་ཉིང་ཁྲིའི་སྟོབས་ཤུགས་ལེགས་སྐྱེས་འབུལ་བ་དང་བཀྲག་མདངས་འཚེར་བའི་མིག་དཔེ་འདོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།