“གཞན་སྐུལ་ནས་རང་འགུལ་ངང་སྒྲུབ་པའི”བར།
ཆབ་མདོ་གྲོང་ཁྱེར་གྱིས“གསལ་ཐོ་གསུམ”ལ་བརྟེན་ནས་དམངས་འཚོའི་རེ་ཞུ་ཁག་རིམ་དབྱེ་ཐག་གཅོད་བྱས་པ།
འདི་ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་རིང་། ཚོགས་ར་ཁོ་ནར་སློབ་སྦྱོང་བྱས་ནས་མ་བསྡད་པར། གྲོང་ཨུད་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་གྲོང་གསེབ་དང་། སྡེ་ཁུལ། ཁེ་ལས། རྣམ་གྲངས་བཅས་ཀྱི་འཐབ་ས་དང་པོར་བསྐྱོད་ནས་དུད་ཚང་དུ་འདྲི་རྩད་དང་། བཞུགས་མོལ་སྤེལ་རེས། ཐད་སྦྲེལ་ཁ་པར་གྱི་བདག་སྤྲོད། དྲ་ཐོག་ནས་འཚོལ་བསྡུ་བཅས་བྱས་པ་བརྒྱུད། མང་ཚོགས་ཀྱི་སྙིང་གཏམ་རེ་རེ་བཞིན་ཟིན་ཐོར་བཀོད་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་དམངས་འཚོའི་རེ་ཞུ་ཁག་914“གསལ་ཐོ་གསུམ”གྱི་དོ་དམ་ནང་བཅུག་ནས་རེ་ཞུ་ཚང་མར་འགན་འཁྲི་དང་། ཐབས་ལམ། དུས་བཀག་བཅས་གསལ་པོ་བཟོས་ཡོད།
ཆབ་མདོར་མང་ཚོགས་ཀྱི་རེ་ཞུ་དག་གཉེར་སྒྲུབ་ཐབས་ལམ་གཅིག་རང་ནས་ཐག་གཅོད་བྱེད་པ་ཞིག་མིན་པར། གཉེར་སྒྲུབ་ཐབས་ལམ་གསུམ་དུ་ཕྱེ་ནས་ཐག་གཅོད་བྱེད་བཞིན་ཡོད།
ཐབས་ལམ་དང་པོ་ནི“ས་གནས་ས་ཐོག་ཏུ་འཕྲལ་མར་སྒྲུབ་པ”དེ་ཡིན་ཞིང་། སྲིད་ཇུས་བློ་འདྲི་དང་། འགལ་བ་འདུམ་འགྲིག ཁོར་ཡུག་བཅོས་སྒྲིག དཀའ་ངལ་སེལ་རོགས་སོགས་མང་ཚོགས་ཉེ་འགྲམ་གྱི་བྱ་བ་དག་ལས་བྱེད་པས་ས་གནས་ས་ཐོག་ཏུ་ལན་འདེབས་པ་དང་ས་གནས་ས་ཐོག་ཏུ་ཐག་གཅོད་བྱེད་ཀྱི་ཡོད། “སེམས་ཁྲལ་བྱེད་པའི་དོན་དག”ཁག་679མགྱོགས་མྱུར་ཐག་གཅོད་བྱས་པ་རེད།
ཐབས་ལམ་གཉིས་པ་ནི“སྡེ་ཚན་དབར་མཐུན་སྦྱོར་བྱས་ཏེ་སྒྲུབ་པ”དེ་ཡིན་ཞིང་། ཁུལ་ཁོངས་བརྒལ་བ་དང་། ལྷུ་ཚིགས་མང་བ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་རྙོག་འཛིང་ཆེ་བའི་དོན་དག་འཕྲད་སྐབས། ཆབ་མདོ་གྲོང་ཁྱེར་གྱིས་འགན་འཁྲིའི་ཚན་པ་དང་། མཉམ་སྒྲུབ་སྡེ་ཚན། ལས་སྒྲུབ་ཚད་གཞི། ལེགས་སྒྲུབ་དུས་བཀག་བཅས་ཁ་གསལ་བཟོས་ནས། སྡེ་ཚན་མང་པོས་ཕྱོགས་གཅིག་ལ་ཤུགས་རྒྱག་པར་མཐུན་སྦྱོར་བྱེད་ཀྱི་ཡོད། མིག་སྔའི་བར་དོན་དག་དེའི་རིགས་218དབྱེ་གསེད་མཛོད་འཇུག་བྱས་པ་དང་། དོན་དག་87ལེགས་པར་བསྒྲུབས་པ་རེད།
ཐབས་ལམ་གསུམ་པ་ནི“ཏང་ཨུད་དང་སྲིད་གཞུང་གིས་གཅིག་གྱུར་ཐོག་སྒྲུབ་པ”དེ་ཡིན་ཞིང་། དམངས་འཚོའི་ལས་གྲྭ་གལ་ཆེན་དང་། ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན། ས་ཁོངས་འཕེལ་རྒྱས་ཀྱི་འགག་གནད། སྤྱི་པའི་ཞབས་ཞུ་མཐོར་གཏོང་སོགས་སྤྱི་ཡོངས་རང་བཞིན་གྱི་དོན་དག་དག་ཏང་ཨུད་དང་སྲིད་གཞུང་གི་སྒྲོག་རྩེའི་ཐོག་ཐད་ཀར་བཏོན་པ་དང་། གཙོ་གནད་དོན་དངོས་ཁག་17སྟོབས་ཤུགས་སྤྱི་འདོམས་དང་། ཐོན་ཁུངས་བསྡུ་སྒྲིལ། གཅིག་སྡུད་འགག་སྒྲོལ་བཅས་བྱས་པ་རེད།
གསལ་ཐོ་བཟོས་པ་ཙམ་གྱིས་མི་འགྲིག་པར་འགག་རྩ་ནི་དོན་འཁྱོལ་བྱ་རྒྱུར་ཐུག་ཅིང་། ཆབ་མདོས“འཚོལ་བསྡུ་དབྱེ་གསེད་དང་། རིམ་དབྱེ་སྒྲུབ་སྤྲོད། དུས་བཀག་ལས་སྒྲུབ། མཇུག་འདེད་སྒྲུབ་སྐུལ། དོན་གཅོད་ཨང་རྟགས་མེད་པར་བཟོ་བ། མང་ཚོགས་ཀྱི་ལྟ་སྐུལ”བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་ལས་ཀའི་ལམ་སྲོལ་བཙུཌ་པ་དང་། གཟའ་འཁོར་རེར་བཀོད་གཏོང་རེ་དང་ཟླ་རེར་ལྕག་སྐུལ་རེ་བྱེད་ཀྱི་ཡོད། ཆེད་གཏོགས་རྩིས་དེབ་དང་། ཆེད་མིས་བཀོད་གཏོང་། ཆེད་མིས་ལྕག་སྐུལ་བཅས་བྱས་ཏེ། དུས་ཐོག་ཏུ་ལས་སྒྲུབ་ཐུབ་མེད་པ་དང་མང་ཚོགས་ཀྱིས་ཚུར་སྣང་ཆེན་པོ་བྱེད་པའི་གཅིག་སྡུད་ཀྱི་དོན་དག་དག་མིང་སྦྱར་ལྟ་སྐུལ་དང་དུས་བཀག་དག་ཐེར་བྱས་པ་རེད།
དེ་དང་ཆབས་ཅིག ཆབ་མདོ་གྲོང་ཁྱེར་གྱིས་12345སྲིད་དོན་ཞུབས་ཞུའི་ཐད་སྦྲེལ་ཁ་པར་དང་། “རྩ་འཛུགས་ལ་སྙིང་གཏམ་ཤོད་པ” གྲོང་གསེབ་ཀྱི་ཡོངས་བསྒྲགས་སྒྲོམ་སོགས་ཀྱི་གཞི་རྟེན་ལ་བརྟེན་ནས་སྒྲུབ་གཉེར་གྱི་མྱུར་ཚད་དང་གྲུབ་འབྲས་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཤིང་། མིག་སྔའི་བར། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཁག་ཐེངས་313བསྡུ་རུབ་བྱས་པ་དང་། བསམ་འཆར་དང་གྲོས་འགོར་གཞིགས་ནས་སྒྲུབ་གཉེར་གྱི་བརྒྱུད་རིམ་དང་ཞབས་ཞུའི་བྱ་ཐབས་ཁག་49ལེགས་སུ་བཏང་བ་རེད།
“གཞན་སྐུལ་གྱིས་སྒྲུབ་པ”ནས“རང་འགུལ་ངང་དཀའ་གནད་སེལ་བའི”བར། ཆབ་མདོས་གསལ་ཐོ་ཅན་གྱི་འགན་འཁྲི་ཁ་གསལ་དང་། རྣམ་གྲངས་ཅན་གྱི་སྐུལ་འདེད། གདུབ་ཟུམ་ཅན་གྱི་དོན་འཁྱོལ་བཅས་ལ་བརྟེན་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མང་ཚོགས་ཀྱི་ཐོབ་སྣང་ནང་བཀོད་ཡོད།
འབྲེལ་ཡོད་གསར་འགྱུར།