སེར་པི་ཡས་ཀྲུང་གོའི་ཁེ་ལས་དང་མྱུར་བགྲོད་ལམ་རྣམ་གྲངས་ཀྱི་གན་རྒྱ་བཞག་པ།
ཚེས་7ཉིན། སེར་པི་ཡ་སྲིད་གཞུང་དང་ཀྲུང་གོ་ཧྲན་ཏུང་མྱུར་བགྲོད་ཚོགས་པས་པེར་ཀེ་ལའེ་ཏེ་རུ་ཚོང་ལས་དང་སྔོན་ཚུད་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གན་རྒྱ་བཞག་ནས། སེར་པི་ཡའི་དབུས་རྒྱུད་དང་ཤར་རྒྱུད་ས་ཁུལ་སྦྲེལ་མཐུད་བྱེད་པའི“ཁ་ལ་ཆའོ་ཨེར་ཅེ་གཙོ་འཛིན་བར་ཁྱམས”ཀྱི་མྱུར་བགྲོད་ལམ་གྱི་རྣམ་གྲངས་མཉམ་དུ་བསྐྲུན་རྒྱུ་ཡིན་པ་རེད།
གན་རྒྱ་འཇོག་པའི་མཛད་སྒོའི་ཐོག་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆིས། མྱུར་བགྲོད་ལམ་གྱིས་རྒྱལ་ས་པེར་ཀེ་ལའེ་ཏེའི་ལྷོ་རྒྱུད་གྲོང་འདབས་དང་སེར་པི་ཡའི་དབུས་རྒྱུད་ས་ཁུལ་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུ་རེད་ཅེས་བརྗོད་ཅིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱི་མཉམ་ལས་རོགས་ཟླའི་ལས་ཕྱོད་ཆེ་བ་དང་། གཟབ་ནན། འགན་འཁྲི་འཁུར་སེམས་བཅས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་འབྲེལ། ཉེ་བའི་ལོ་ཤས་རིང་སེར་པི་ཡའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཕེལ་རྒྱས་མྱུར་པོ་ཕྱིན་པ་དེ་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཀྲུང་གོའི་ཁེ་ལས་དང་གྲུབ་འབྲས་ཐོབ་པའི་མཉམ་ལས་བྱས་པ་ལས་བྱུང་བ་ཞིག་ཡིན་ཞེས་བསྟན་ཡོད།
སེར་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་མིང་གིས། “ཁ་ལ་ཆའོ་ཨེར་ཅེ་གཙོ་འཛིན་བར་ཁྱམས”ཀྱིས་སེར་པི་ཡའི་དབུས་ཤར་ས་ཁུལ་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། རྣམ་གྲངས་ལ་གན་རྒྱ་བདེ་བླག་ངང་བཞག་པ་ནི་ཀྲུང་གོའི་ཁེ་ལས་ཀྱིས་སེར་པི་ཡའི་ཁྲོམ་རར་ལས་ཀ་ཧུར་ཐག་བྱས་པའི་གྲུབ་འབྲས་གཞན་ཞིག་ཡིན་ལ། ཀྲུང་གོ་དང་སེར་པི་ཡའི་ཕྱོགས་གཉིས་པོས་མཛའ་གྲོགས་རྒྱུན་མཐུད་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་དཔང་རྟགས་གལ་ཆེན་ཞིག་ཀྱང་ཡིན་ཞེས་བརྗོད་ཡོད།
གན་རྒྱ་གཞིར་བཟུང་། རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་སྤྱིའི་རིང་ཚད་ལ་སྤྱི་ལེ་83ཟིན་ཡོད། སྔོན་དཔག་བྱས་ན་2035ལོའི་གོང་དུ་དུས་ཐེངས་གཉིས་པའི་འཛུགས་སྐྲུན་ལེགས་སྒྲུབ་བྱ་རྒྱུ་དང་། སྐབས་དེར་མྱུར་བགྲོད་ལམ་ཧྲིལ་པོའི་སྤྱིའི་རིང་ཚད་སྤྱི་ལེ་125ཟིན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།