མཛེས་ལྗོངས་ཁུལ་གྱི་ཟང་ཟིང་ལ་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུ་ཡིན་པ།
གསར་འགོད་པས་རིག་གནས་དང་ཡུལ་སྐོར་པུའི་2026ལོའི་དུས་ཚིགས་དང་པོའི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་གི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གླེང་ཕྱོགས་ངན་པ་དང་། ཡུལ་སྐོར་བའི་ཞུ་གཏུག དྲ་རྒྱའི་གདེང་འཇོག་བཅས་ལ་གསེད་བཀྲོལ་བྱས་པ་བརྒྱུད་རིག་གནས་དང་ཡུལ་སྐོར་པུས་གནད་དོན་ཐོན་མང་བའི་མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ཁུལ་གྱི་བར་སྒྲོལ་རླངས་འཁོར་གྱི་གནད་དོན་ཁག་གཅིག་ལ་གཙོ་གནད་ཐོག་བཅོས་སྒྲིག་བྱ་རྒྱུ་རེད།
ཡུལ་སྐོར་བའི་གཅིག་སྡུད་བསམ་འཆར་མང་བའི་མཛེས་ལྗོངས་ཁུལ་གྱི་རིན་གོང་རྩོད་གཞི་དང་། རླངས་འཁོར་འགག་པ། ཞབས་ཞུའི་རྣམ་འགྱུར་ངན་པ། བདེ་འཇགས་འཕྲལ་སྡོམ། ཁོར་ཡུག་འཕྲོད་བསྟེན་སོགས་ཀྱི་གནད་དོན་ལ་གཞིགས་ནས། རིག་གནས་དང་ཡུལ་སྐོར་པུའི་ཐོན་ཁུངས་གསར་སྤེལ་སིའི་སི་ཀྲང་མན་ཧུང་ཝེ་ཡིས“ང་ཚོས་ཉེ་བའི་ལོ་ཤས་རིང་ཕྱོགས་བསྡུས་གནད་དོན་ཐོན་མང་བའི་མཛེས་ལྗོངས་ཁུལ་ཁ་ཤས་རྩད་ཆོད་པ་སྟེ། དཔེར་ན། ཧུའུ་ནན་ཀྲང་ཅ་ཅེའི་ཐེན་མོན་རི་བོ་ནས་ཝུའུ་ལིང་ཡོན་བར་དང་། ཡུན་ནན་གྱི་འཇང་ས་དམ་གྱི་གནའ་གྲོང་དང་གཡུ་ལུང་གངས་རི། རྨ་ཆུ་ཧུའུ་ཁོའུ་རྦབ་ཆུ། ཀོང་ཤིས་ཀུའེ་ལིན་གྱི་ལི་ཅང་གཙང་པོ། ཧོ་ནན་གྱི་སུང་ཧྲན་ཧྲའོ་ལིན་དགོན་པ། ཀུའེ་ཀྲོའུ་ཧོང་གོ་ཧྲུའུ་རྦབ་ཆུ། ཧུའུ་པེའི་ཝུའུ་ཏང་རི་བོ་སོགས་ལྟ་བུ་ཡིན་ལ། ཁོངས་གཏོགས་ས་ཆར་སྐྱོན་བརྗོད་ནན་པོ་དང་གཅིག་སྡུད་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ་ཡིན”ཞེས་བརྗོད་ཡོད།
མཛེས་ལྗོངས་ཁུལ་གྱི་བར་སྒྲོལ་རླངས་འཁོར་ཡང་ད་རེས་བཅོས་སྒྲིག་བྱ་རྒྱུའི་གཙོ་གནད་ཡིན། “ང་ཚོས་བར་སྒྲོལ་རླངས་འཁོར་གྱི་ལམ་ཐིག་ཇུས་འགོད་ཚན་རིག་དང་མི་མཐུན་པ་དང་། རིན་གོང་ལུགས་མཐུན་མེད་པ། སྒུག་ཡུན་རིང་དྲགས་པ། ཞབས་ཞུའི་རྣམ་འགྱུར་ངན་པ་སོགས་གནད་དོན་ཅུང་མང་བའི་མཛེས་ལྗོངས་ཁུལ་རྩད་ཆོད་པ་དཔེར་ན་ཅང་ཤིས་ཀྱི་ལུང་ཧུའུ་རི་བོ་དང་། ཅི་ལིན་གྱི་ཁྲང་པའེ་རི་བོ། ཨན་ཧུའེ་ཡི་ཐེན་ཀྲུའུ་རི་བོ། སི་ཁྲོན་གྱི་འདབ་པ་ཡར་སྟེང་། ཧྲན་ཏུང་གི་ལའོ་ཧྲན་རི་བོ་སོགས་ཡིན་ལ། ཁོངས་གཏོགས་ས་ཆར་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་དུ་འཇུག་གི་ཡིན”ཞེས་མན་ཧུང་ཝེ་ཡིས་བརྗོད།
གོང་གསལ་གྱི་གནད་དོན་ལ་དམིགས་ནས་གཤམ་གསལ་གྱི་བཅོས་སྒྲིག་བྱ་ཐབས་སྤྱོད་རྒྱུ་ཡིན་པ་སྟེ། རིམ་སྤར་གྱིས་དག་ཐེར་ཡོ་བསྲང་ལ་སྐུལ་འདེད་བཏང་སྟེ་ཁོངས་གཏོགས་ས་ཆ་དང་མཛེས་ལྗོངས་ཁུལ་གྱིས་གནད་དོན་གྱི་གསལ་ཐོ་ཞིབ་བསྡུར་བྱས་ཏེ་དུས་བཀག་ནང་དག་ཐེར་བྱ་རྒྱུའི་བླང་བྱ་འདོན་པ་དང་། ལྐོག་ཞིབ་བརྟག་དཔྱད་ལ་ཤུགས་སྣོན་བརྒྱབ་ནས་དུས་མཚམས་ཧྲིལ་པོའི་དྲ་རྒྱའི་ཆ་འཕྲིན་བསྡུ་རུབ་བྱས་ཏེ་ལྕག་སྐུལ་གྱི་དག་ཐེར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རིམ་པ་བསྐྱར་ཞིབ་དང་འབྲེལ་བ་བྱས་ནས་གནད་དོན་ཐོན་མང་བ་དང་དག་ཐེར་ནུས་ལྡན་མ་བྱུང་བའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་དང་རིམ་པའི་འགུལ་རྣམ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་རིམ་པ་དམའ་རུ་གཏོང་དགོས་རིགས་ཀྱི་རིམ་པ་དམའ་རུ་གཏོང་བ་དང་རིམ་པ་མེད་པར་བཟོ་དགོས་རིགས་ཀྱི་རིམ་པ་མེད་པར་བཟོ་བ་བཅས་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།