དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རི་བོ་སྔོ་ཞིང་ཆུ་མོ་དྭངས། ས་མཐོའི་ཡུལ་ལྗོངས་ལྟ་ན་སྡུག

    ​—— རང་ལྗོངས་ཀྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་སླར་གསོར་སྤྱི་འདོམས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-12

    གནའ་གྲོང་ལྷ་སའི་མཐུན་སྒྲིལ་སྤྱི་གླིང་ནི་བཀྲག་མདངས་འཚེར་བའི་གཡུ་ཞིག་དང་འདྲ་ཞིང་། “རི་བོ་མཐོ་བ་དང་། ཆུ་མོ་དྭངས་བ། སྔོ་ལྗང་གིས་བརྒྱན་པ། མཚེའུ་ཕན་ཚུན་སྦྲེལ་བ། གྲོང་ཁྱེར་སྣུམ་ཞག་དོད་པ”བཅས་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་གླིང་དེར་ཆར་ཆུ་སྙོམས་པ་དང་། ཆུ་རྒྱུད་སྦྲེལ་མཐུད། རིག་གནས་མཛེས་ལྗོངས་ལ་རོལ་ཆོག་པ་སོགས་ཀྱི་ནུས་པ་མང་པོ་ལྡན་ཡོད་པ་དང་། དེ་ནི་ལྷ་སའི་གྲོང་ཁུལ་ལྟེ་བའི་ཆུའི་མ་ལག་བཅོས་སྐྱོང་རིམ་སྤོར་བྱས་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་ལ། དེ་ལས་རང་ལྗོངས་ཀྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་གོ་རིམ་ལྡན་པའི་བཅོས་སྐྱོང་ལ་སྐུལ་འདེད་བཏང་བར་ཕན་འབྲས་ཏན་ཏིག་ཐོན་པའང་མཚོན་གྱི་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པའི་དམིགས་ཚད་གཞི་རྩར་བཟུང་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་སླར་གསོར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཞིང་། 2021ལོ་ནས་2024ལོའི་བར་རིམ་རྩིས་བརྒྱབ་ན། གཙོ་གནད་ལས་གྲྭའི་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་195.99བྱས་པ་དང་། ཉམས་ཞན་དུ་སོང་བའི་རྩྭ་ཐང་མུའུ་ཁྲི་3035.36སླར་གསོ་དང་། བྱེ་འགྱུར་ས་ཆ་མུའུ་ཁྲི་352བཅོས་སྐྱོང་། ས་ཆུ་ཤོར་བའི་ས་ཆ་སྟོང་སྨི་ངོས་གྲུ་1545.33བཅོས་སྐྱོང་བཅས་ཟིན་ཡོད། དེས་ན། ད་ཆ་ལྗོངས་ཡོངས་ཀྱི་རྩྭ་ཐང་དུ་ཕྱོགས་བསྡུས་སྔོ་ལྗང་ཁེབས་ཚད་48.07%བར་མཐོ་རུ་ཕྱིན་པ་དང་། ས་ཆུ་སྲུང་འཛིན་བྱེད་ཚད་92.27%ཟིན་པ། འདམ་རའི་རྒྱ་ཁྱོན་སྤྱིའི་ཆ་ནས་བརྟན་དུ་ཕྱིན་པ། གཙང་པོ་དང་མཚོའི་ཆུ་དྭངས་ཚད་100%ཟིན་ནས། ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་དེ་བས་བརྟན་དུ་ཕྱིན་ཡོད་པ་རེད།

    གོ་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་གིས་རྨང་གཞི་བརྟན་དུ་བཏང་བ།

    སྐྱེ་ཁམས་ལ་འགྱུར་ལྡོག་གཏོང་དགོས་ན་གཙོ་བོ་གོ་རིམ་ལྡན་པའི་བཅོས་སྐྱོང་ལ་ཐུག་ཡོད། རང་ལྗོངས་ཀྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་སླར་གསོ་བྱེད་པ་མཐའ་འཁྱོངས་ཀྱིས་ཕྱོགས་མང་པོའི་སྟོབས་ཤུགས་ལ་སྤྱི་འདོམས་བྱས་ནས། “སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཚན་གྱིས་མཐུན་སྦྱོར། མང་ཚོགས་ཞུགས་པ”བཅས་བྱེད་པའི་སྣེ་མང་མཉམ་བཅོས་ཀྱི་རྣམ་པ་ཞིག་བཏོད་ཡོད།

    ཆུ་བོ་འབབ་ཁུལ་གཙོ་བོར་དམིགས་ཏེ། རང་ལྗོངས་ཀྱིས་ལྷ་ས་སྐྱིད་ཆུ་འབབ་ཁུལ་དང་ཡར་ཀླུང་གཙང་པོའི་ལྷོ་ཁའི་འབབ་ཁུལ་གྱི“རི་ཆུའི་འདུ་འགོད”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། རིམ་རྩིས་བརྒྱབ་ན་ཀྲུང་དབྱང་ནོར་སྲིད་ནས་བྱ་དགའི་ཁ་གསབ་སྒོར་དུང་ཕྱུར་30རག་ཐབས་དང་ལྷན་སྦྱར་གྱི་མ་དངུལ་སྒོར་དུང་ཕྱུར་67.4བསྡུ་སྒྲིལ་བྱས་ཏེ། ཆུ་བོ་འབབ་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་ལ་འགན་ལེན་བརྟན་པོ་བྱས་ཡོད།

    ཞོགས་པ་ལྷ་ས་སྐྱིད་ཆུའི་འགྲམ་དུ། རླབས་སྔོན་ཆིལ་ཆིལ་དུ་གཡོ་བ་དང་ཆུ་བྱས་ལྡིང་སྐོར་རྒྱག་བཞིན་ཡོད། དམངས་ཁྲོད་ཀྱི་ཆུ་དཔོན་དཔལ་ལྡན་དང་བཟའ་ཟླ་བསྟན་འཛིན་ཆོས་སྒྲོན་གྱིས་ཉིན་གཅིག་གི་ཆུ་འགྲམ་དུ་སྐོར་ཞིབ་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་ཤིང་། “མ་ཡུམ་གཙང་པོར་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ང་ཚོའི་འགན་འཁྲི་ཡིན། ཆུ་བོ་ཇེ་དྭངས་སུ་འགྲོ་བ་མཐོང་དུས་དཀའ་ཚེགས་ཇི་ཙམ་ཡོད་ན་ཡང་ལས་ཀ་དེ་བྱེད་རིན་ཡོད་པ་ཞིག་རེད་སྙམ་གྱི་འདུག”ཅེས་དཔལ་ལྡན་གྱིས་བཤད། ཁོང་གི་སྐད་ཆ་ལས་ས་མཐོའི་མང་ཚོགས་ཀྱིས་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་མཚོན། ལོ་7རིང་བཟའ་ཚོ་གཉིས་པོས་ཉིན་རེར་སྐོར་ཞིབ་ཐེངས་3བྱས་པ་དེ་གནམ་གཤིས་ཅི་འདྲ་བསྟན་ཡང་རྒྱུན་ཆད་མྱོང་མེད།

    དེང་གི་ཆར་སྐོར་ཞིབ་སྲུང་སྐྱོང་མི་སྣ་དང་། དང་བླངས་པ། འབབ་ཁུལ་གྱི་མང་ཚོགས་བཅས་སྔར་བས་མང་པོ་རང་འགུལ་ངང་གཙང་པོ་སྲུང་སྐྱོང་གི་དཔུང་ཁག་ནང་ཞུགས་ཀྱི་ཡོད་པ་དང་། རྒྱུན་རྣམ་ཅན་གྱི་ཆུ་ལམ་སྐོར་གཡེང་དང་། གད་སྙིགས་སྒྲུག་པ། ཆུ་ལམ་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་བྱས་ཏེ་ཆུ་བོ་འབབ་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་གི་གྲུབ་འབྲས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་བཞིན་ཡོད།

    བོད་ཀྱི“རི་ཆུའི་འདུ་འགོད”གཉིས་ཀྱི་གྲས་ཤིག་ཡིན་པའི་ལྷ་ས་སྐྱིད་ཆུ་འབབ་ཁུལ་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ཚོད་ལྟའི་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་58.16བཏང་ནས་སྟོད་རྒྱུད་ཀྱི་ཆུ་རྩ་བསྐྱིལ་གསོག་དང་། དབུས་རྒྱུད་དང་སྨད་རྒྱུད་ཀྱི་ཁོར་ཡུག་བཅོས་སྐྱོང་། ཉེ་འཁོར་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བཅས་ལ་དམིགས་ཏེ། ཤིང་འཛུགས་ནགས་བཟོ་དང་། རྩྭ་བཟོས་ལིང་ཚེའི་བྱེ་འཇགས། ཆུ་རྒྱུད་སྦྲེལ་བ་སོགས་ཕྱོགས་བསྡུས་ཀྱི་བཅོས་སྐྱོང་བྱེད་ཐབས་ལག་ལེན་བསྟར་ཞིང་། རིམ་རྩིས་བརྒྱབ་ན་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་1.8དང་རྨོ་ཞིང་མུའུ་5700ལྷག་ཙམ་འཕར་བ་དང་། སྔོ་ཁེབས་རྒྱ་ཁྱོན་མུའུ་ཁྲི་0.5ལྷག་ཙམ་སླར་གསོ། ཕན་ཚུལ་སྦྲེལ་བའི་ཆུ་རྒྱུད་མུའུ་8900ཙམ་སླར་གསོ་བཅས་བྱུང་ནས། ལྷ་ས་སྐྱིད་ཆུ་འབབ་ཁུལ་གྱི་སྐྱེ་ཁམས་རྨང་གཞི་རྒྱུན་མཐུད་བརྟན་དུ་ཕྱིན་ཡོད།

    ཡར་ཀླུང་གཙང་པོའི་ལྷོ་ཁའི་དུམ་བུའི་ངོགས་ནས་སྐྱོད་སྐབས། དེང་གི་རྩི་ཤིང་གི་གཡུ་ལོ་རྒྱས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གཙང་པོའི་ངོགས་གཉིས་ནི་དེ་སྔ་ཡུག་གཅིག་ཏུ་འབྲེལ་བའི་བྱེ་ཕུང་ཞིག་ཡིན་པ་བསམ་ཚོད་བྱེད་དཀའ།

    2021ལོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་39.24བཏང་བའི་ཡར་ཀླུང་གཙང་པོའི་ལྷོ་ཁ་འབབ་ཁུལ་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ་ལེན་ལེན་བསྟར་བ་རེད། གཙང་པོ་འབབ་ཁུལ་གྱི་སྔོ་ཁེབས་ལ་གཏོར་སྐྱོན་ཕོག་པ་དང་། རྩྭ་ས་ཉམས་ཞན་དུ་སོང་བ། སྐྱེ་དངོས་སྣ་མང་རང་བཞིན་ཉུང་དུ་ཕྱིན་པ། ཆུ་རྩ་བསྐྱིལ་གསོག་གི་ནུས་པ་ཞན་དུ་སོང་བ་སོགས་སྐྱེ་ཁམས་ཀྱི་གནད་དོན་ལ་དམིགས་ཏེ། མ་ལག་རང་བཞིན་དང་རྒྱུ་རྐྱེན་གཙོ་བོ་ཚང་མར་བཅོས་སྒྲིག་བྱས་པ་དང་། རིམ་རྩིས་བརྒྱབ་ན་སྐྱེ་ཁམས་རྒྱ་ཁྱོན་མུའུ་ཁྲི་81.99སླར་གསོ་བྱས་པ་དེའི་ནང་འདམ་ར་དང་། ནགས་ཚལ། རྩྭ་ཐང་། གཏེར་རི་བཅས་སླར་གསོ་དང་། དེ་བཞིན་ཚད་གཞི་མཐོ་བའི་ཞིང་ཁ་དང་སྐྱེ་ཁམས་ཀྱི་བར་ཁྱམས་འཛུགས་སྐྲུན་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད།

    “ད་ཆ་གཙང་པོའི་ངོགས་སུ་ལྗོན་ཤིང་གིས་ཁེངས་ཤིང་ཆུ་བོ་དྭངས་ཤིང་གཙང་ལ། ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་རྒྱུན་དུ་འདི་གར་འབབ་པ་མ་ཟད། མཚམས་རེར་ཤྭ་བ་སེར་ཆེན་དང་གླ་བའང་མཐོང་རྒྱུ་འདུག”ཅེས་ཚེ་རིང་སྒྲོལ་དཀར་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།

    མིག་སྔའི་བར། “རི་ཆུའི་འདུ་འགོད”གཉིས་ཀྱིས་རིམ་རྩིས་བརྒྱབ་ན་སྐྱེ་ཁམས་རྒྱ་ཁྱོན་མུའུ་ཁྲི་134ལྷག་ཙམ་སླར་གསོ་བྱས་ནས་ས་ཁོངས་ནང་ཁུལ་གྱི་མངོན་གསལ་དོད་པའི་སྐྱེ་ཁམས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པས། འབབ་ཁུལ་གྱི་སྐྱེ་ཁམས་མ་ལག་གི་བརྟན་པོའི་རང་བཞིན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། ལྷ་ས་དང་ལྷོ་ཁའི་ལྟེ་བའི་ཁུལ་གྱི་སྐྱེ་ཁམས་ཞབས་ཞུའི་ནུས་པ་དང་ཁོར་ཡུག་གི་ཐེག་ནུས་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ས་མཐོའི་མིག་དཔེ་བསྟན་ཡོད།

    ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་ནས་དཀའ་གནད་བསལ་བ།

    ས་མཐོའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། བོད་ཀྱིས་ཚན་རྩལ་གྱིས་སྐྱེ་ཁམས་བཅོས་སྐྱོང་ལ་མཐུན་རྐྱེན་སྦྱོར་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཡུལ་བབ་དང་བསྟུན་ནས་སྐྱེ་ཁམས་སྲུང་སྐྱོང་གི་དཀའ་གནད་བསལ་ཏེ། ས་མཐོའི་དོན་དངོས་དང་འཚམ་པའི་སྐྱེ་ཁམས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད།

    དུས་ཡུན་རིང་པོའི་ནང་། ཕྱི་རོལ་གྱི་ཚན་རིག་ལྟ་དཔྱད་ཚད་འཇལ་ཞིབ་འཇུག་ས་ཚིགས་ལ་བརྟེན་ནས་ཚན་ཞིབ་ཚོགས་པས་ཕྱོགས་ཡོངས་ཀྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ཏེ། སྔོ་ཁེབས་ཁྱུ་ཚོགས་དང་། ཆུ་སྐྱེས་སྐྱེ་དངོས། འབུ་སྲིན་རིགས། དུས་བྱའི་ཁྱུ་ཚོགས། ཆུ་ཁོངས་ཆུ་དཔྱད་སོགས་ལ་ཕྱོགས་ཡོངས་ནས་རྗེས་སྙེགས་ལྟ་དཔྱད་ཚད་འཇལ་བྱེད་པ་དང་། འདམ་རའི་སྐྱེ་དངོས་རིགས་ཀྱི་ཆགས་འཇིག་དང་། སྔོ་ཁེབས་རིམ་བརྗེ། ཆུ་སྤུས་ཆུ་དཔྱད་བཅས་ཀྱི་འགུལ་རྣམ་དང་འགྱུར་ལྡོག་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ཞིབ་ཅིང་ཁུངས་འཕེར་བའི་གྲངས་གཞིར་བརྟེན་ནས་འདམ་རའི“བདེ་ཐང་བརྟག་དཔྱད་སྙན་ཞུ”འབྲི་བཞིན་ཡོད།

    2021ལོར་འགོ་ཚུགས་པའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ནི་བོད་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ནགས་བཟོ་ནགས་སྐྱོང་གི་འཛུགས་སྐྲུན་རྣམ་གྲངས་ཤིག་རེད།

    འོན་ཀྱང་ས་བབ་སྨི་3600ལྷག་ཙམ་ཟིན་པའི་རི་ངོས་སུ་ཤིང་འཛུགས་པར་གནམ་གཤིས་གྲང་ངར་ཆེ་བ་དང་། ས་རྒྱུ་ཞན་པ། རི་ལམ་ཀྱག་ཀྱོག་ཆེ་བ། ཆུ་གློག་གི་སྒྲིག་བཀོད་དཀོན་པ་སོགས་ཀྱི་དཀའ་གནད་མང་པོ་ཡོད་པས་ལས་གྲྭ་འགོ་འཛུགས་པར་དཀའ་ངལ་མང་པོ་འཕྲད་ཡོད།

    དཀའ་ངལ་གྱི་མདུན་དུ་འཛུགས་སྐྲུན་པ་དང་ཚན་ཞིབ་མི་སྣས་ཚན་རྩལ་ལ་བརྟེན་ནས་དཀའ་གནད་ལས་རྣམ་པར་རྒྱལ་ཏེ། གྲང་འགོག་ཐན་འགོག་གི་ལྗོན་ཤིང་རིགས་30ལྷག་ཙམ་ཚོད་ལྟ་དང་བཅས་འདེམས་སྒྲུག་བྱས་པ་དང་ནགས་ཤིང་གི་ནད་འབུའི་གནོད་སྐྱོན་ཕྱོགས་བསྡུས་འགོག་བཅོས་ལག་རྩལ་མ་ལག་དང་ལྷོ་རི་བྱང་རི་སྔོ་འགྱུར་ནགས་བཟོའི་ཆུ་གྲོན་ཆུང་དང་ཐན་འགོག་ལག་རྩལ་སོགས་འགག་རྩའི་ལག་རྩལ་མང་པོ་འགག་སྒྲོལ་བྱས་ཡོད། དེ་དང་ཆབས་ཅིག ལྷན་སྦྱར་ཆུ་བེད་མདོང་དྲའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་རིག་ནུས་ཀྱི་ཆུ་གྲོན་ཆུང་གི་ཆུ་འདྲེན་ལག་རྩལ་ཁྱབ་གདལ་བཏང་བ་དང་ཚན་རིག་དང་མཐུན་པའི་གཡོག་བྱེད་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་ནས་ཤིང་སོན་ཡོངས་ཀྱི་གསོན་ཚད་85%ཡན་ཟིན་པར་བྱས་པ་དང་། ཚན་རྩལ་སྟོབས་ཤུགས་ལ་བརྟེན་ནས་ས་བབ་མཐོ་བའི་ས་ཁུལ་གྱི་མི་ཐབས་ནགས་བཟོའི་སྐྱེ་ཁམས་ཀྱི་ངོ་མཚར་བཏོད་ཡོད།

    སྐྱེ་ཁམས་ལས་དམངས་ལ་ཕན་པ་ཐོབ་པར་བྱས་པ།

    ས་མཐོའི་སྐྱེ་ཁམས་ཀྱི་རྨང་གཞིར་སྲུང་སྐྱོང་བྱས་ནས་དམངས་འཚོའི་བདེ་རྩ་བརྟན་དུ་བཏང་ཞིང་། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་ཀྱི་ཁ་གསབ་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་སྐྱེ་ཁམས་ཁེ་སྤོགས་དེ་དམངས་འཚོའི་བདེ་རྩར་འགྱུར་བར་སྐུལ་འདེད་བཏང་ནས་མང་ཚོགས་ཚོས་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་བྱས་ཡོད།

    གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་དུ་མུ་མཐའ་མེད་པའི་རྩྭ་ཐང་དང་སྔོ་ཞིང་དྭངས་པའི་ནམ་མཁའ་གཅིག་ཏུ་སྦྲེལ་ཞིང་། དེ་སྔ་ཕྱུགས་འཚོས་དྲགས་པའི་རྐྱེན་གྱིས་དེ་གའི་རྩྭ་ར་རིམ་བཞིན་བྱེ་མར་གྱུར་ནས་སྐྱེ་ཁམས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པ་མ་ཟད། སྲོལ་རྒྱུན་གྱི་འབྲོག་ལས་འཕེལ་རྒྱས་ལའང་ཤུགས་རྐྱེན་ཐེབས་ཡོད།

    རྩྭ་ཐང་གི་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱ་ཆེད། འབྲོང་པ་རྫོང་གིས་རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་བྱ་དགའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྩྭ་ཁ་བཀག་ནས་ཕྱུགས་རིགས་འགོག་གསོ་དང་། དུས་ཚིགས་རང་བཞིན་གྱི་རྩྭ་ར་སྙོལ་བ། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ། སྐྱེ་ཁམས་སྲུང་སྐྱོང་གི་ལས་གནས་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རྩྭ་ཐང་རིམ་བཞིན་སླར་གསོ་ཐུབ་པ་བྱས་ཡོད།

    དེ་གོང་འབྲོག་པ་ཟླ་བའི་ཁྱིམ་དུ་ཕྱུགས་ཟོག་མགོ་གྲངས་300ལྷག་ཙམ་ཡོད། རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་རྗེས་ཁོང་གིས་རྩྭ་ཕྱུགས་དོ་སྙོམས་ཀྱི་རེ་བ་ལྟར་ཕྱུགས་ཟོག་100ལྷག་ཙམ་བར་ཉུང་དུ་བཏང་བ་མ་ཟད། ལོ་5རིང་རྩྭ་ཁ་བཀག་པ་དང་རྩྭ་ར་རེས་མོས་ངང་སྤྱད་པས། ད་ཆ་རྩྭ་ཐང་སྔོ་ལྗང་ཅན་དུ་གྱུར་ཡོད་ལ་ཟླ་བའི་ཁྱིམ་ལ་ལོ་ལྟར་ཁ་གསབ་མ་དངུལ་སྒོར་ཁྲི་4ལྷག་ཙམ་ཡང་རག་ནས་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད།

    སྐྱེ་ཁམས་ཁ་གསབ་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག སྔོ་ལྗང་ལ་སྲུང་སྐྱོང་བྱེད་པ་དེ་རིམ་བཞིན་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བཞིན་ཡོད།

    སྲིད་ཇུས་ཀྱི་ཁེ་སྤོགས་རྒྱུན་མཐུད་ངང་ཐོན་པར་བྱས་པས་དམངས་ལ་ཕན་པ་མིག་མཐོང་ལག་ཟིན་བྱུང་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་ལོ་རེར་ཆ་སྙོམས་ཞིང་འབྲོག་པར་སྐྱེ་ཁམས་ལས་གནས་ཁྲི་44ལྷག་ཙམ་མཁོ་འདོན་བྱས་པ་དང་། རྩྭ་ཐང་སྐྱེ་ཁམས་ཁ་གསབ་བྱ་དགའི་དངུལ་སྒོར་དུང་ཕྱུར་136.8སྤྲད་པར་ཞིང་འབྲོག་པ་ཁྲི་226.22ལ་ཕན་པ་ཐོབ་པ། ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཁ་གསབ་དངུལ་སྒོར་དུང་ཕྱུར་51.47དོན་འཁྱོལ་བྱས་པ་དང་མང་ཚོགས་ཁྲི་10.3སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་ལས་དོན་ནང་ཞུགས་པར་སྐུལ་ཁྲིད་བྱས་ཡོད། མི་རིགས་ཁག་གི་མང་ཚོགས་ཚོ་སྔོ་ལྗང་ལ་སྲུང་སྐྱོང་བྱེད་པའི་ཁྲོད་འབབ་འཕར་ཕྱུག་འགྱུར་བྱུང་ནས“སྐྱེ་ཁམས་སྲུང་སྐྱོང་བ”ནས“ཁེ་སྤོགས་མཉམ་དུ་སྤྱོད་མཁན”ལ་གྱུར་ཡོད།

    འགོ་འཛུགས་ས་གསར་པར། བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་མཐའ་ཚད་བརྟན་པོར་བསྲུངས་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་སླར་གསོར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང་། གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་བྱས་ནས་སྔོ་ཞིང་དྭངས་པའི་རི་ཆུ་ནམ་ཡང་གནས་པ་དང་སྐྱེ་ཁམས་ལས་བྱུང་བའི་བདེ་རྩ་མུ་མཐུད་ཆེ་རུ་གཏོང་རྒྱུ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།