ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ཁྲི་8400ཡི་རེ་འདུན་མངོན་དུ་འགྱུར་བཞིན་པ།
འདི་ག་ཚགས་པར་གྱི་གསར་འགོད་པ། སུན་ཀྲེན། ལི་ཅན་ཀོང་།
ཧྲན་ཤིས་དང་ཧྲའན་ཤིས་ཞིང་ཆེན་གཉིས་སུ་ཟོག་འདྲེན་འགྲོ་འོང་བྱེད་པར་ལམ་ཐག་སྤྱི་ལེ་1700ལྷག་ཙམ་ཟིན་གྱི་ཡོད་ཅིང་། ཧྲན་ཤིས་ལིན་ཧྥིན་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཝང་ཡུང་ཕིང་གི“ལྔ་གཅིག”གུང་གསེང་རིང་གི་འཚོ་བ་ཧ་ཅང་ཕུན་སུམ་ཚོགས་ཤིང་། ཁོང་གིས“ལོ་གོང་མ་དང་བསྡུར་ན་འགྲོ་ལམ་ཤར་གཏོང་ཐུབ་པས་ཞིབ་བཤེར་ས་ཚིགས་ཉུང་དུ་ཕྱིན་ནས་ངལ་གསོ་ཡག་པོ་ཐེབས་བྱུང”ཞེས་བཤད།
ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ཁྲི་8400ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོ་བཅངས་གནང་གི་ཡོད།
དེ་ནི་གཞི་རིམ་དུ་ཕེབས་ཐེངས་རེ་རེ་བཞིན་ཡིན་པ་སྟེ། པེ་ཅིང་གི་མདུན་སྒོར“མྱུར་སྐྱེལ་ཕོ་གཞོན”དང་ཅི་འཕྲོས་མོལ་འཕྲོས་གནང་བ་དང་། ཧྲའན་ཤིས་ཀྲ་ཧྲུའེ་རུ་གྲོང་གསེབ་ཀྱི་དྲ་ཚོང་ལ་སྐུལ་ལྕག་གནང་བ། ཧུའུ་ནན་ཁྲང་ཧྲ་རུ་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བའི་འཐུས་མིར་དམངས་འཚོའི་སྐོར་བཀའ་འདྲི་གནང་བ་སོགས་རེད།
དེ་ནི་མངགས་བཅོལ་རེ་རེ་ཡིན་པ་སྟེ། “དུས་སྐབས་ཤིག་ལ་དུས་སྐབས་ཤིག་གི་གནད་དོན་ཡོད་པ་དང་ཚོགས་སྤྱི་རེ་ལ་ཚོགས་སྤྱི་རེའི་དཀའ་ངལ་ཡོད་པས། ང་ཚོས་མཐོང་ཆེན་བྱས་ཏེ་མུ་མཐུད་ཐག་གཅོད་བྱེད་དགོས་པ”དང“དོ་དམ་ཞབས་ཞུ་རྗེས་ཟིན་པར་བྱས་ཏེ་སྟོང་ཆ་དེ་ཡག་པོ་སྐོང་དགོས”ཞེས་པ་སོགས། འདི་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་སྐབས“རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་ཁོང་ཚོར་སེམས་ཁུར་བྱས་ནས། ཁོང་ཚོའི་འཚོ་བ་དང་། ལས་ཀ སློབ་སྦྱོང་བཅས་ཀྱི་ཐད་ལ་ཞབས་འདེགས་ཡག་པོ་ཞུ་དགོས་པའི”མངགས་བཅོལ་གནང་ཡོད།
མངགས་བཅོལ་ཟབ་མོ་དོན་ཐོག་ཏུ་འཁྱོལ་བ།
2020ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་བ་དང་འབྲེལ། གཞི་རིམ་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཡང་གནང་ཞིང་། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ལུང་པིང་གིས་སྤྱི་ཁྱབ་ཧྲུའུ་ཅིར་ལས་རིགས་ཀྱི་དཀའ་ངལ་སྐོར་ཞུས་པ་རེད།
ཡུན་རིང་མ་སོང་བར་དཀའ་ངལ་དག་སྒྱུར་བཅོས་ཀྱི་དམིགས་ཚད་དུ་གྱུར་པ་སྟེ། ཟླ་བ་གཉིས་ཀྱང་མ་འགོར་བར་སྡེ་ཚན་བཞིས་འགྲོ་ལམ་གྱི་མཐོ་ཚད་དང་ཞེང་ཚད་ཚོད་འཛིན་སྒྲིག་ཆས་དང་ཞིབ་བཤེར་ས་ཚིགས་ལ་ཆེད་དོན་བཅོས་སྒྲིག་བྱས་པ་དང་། ལོ་ཁ་ཤས་ནང་རྒྱལ་ཡོངས་སུ“ཁ་ལོ་བའི་ཁྱིམ་གཞིས”2000ལྷག་ཙམ་བསྐྲུན་ནས་གོས་འཁྲུ་དང་ལུས་འཁྲུ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།
གཏན་འཁེལ་བྱུང་ན་དམ་འཛིན་ཏན་ཏིག་བྱས་ནས་སྒྲུབ་དགོས་ཤིང་། ལག་བསྟར་བྱེད་ནུས་གཅིག་ཏང་སེམས་དང་དམངས་སེམས་དང་འབྲེལ་ཡོད། 2023ལོར་ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་བཙུགས་པ་དང་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཏང་ཨུད་ཀྱི་སྤྱི་ཚོགས་ལས་དོན་སྡེ་ཚན་ཡང་དེ་དང་ཆབས་ཅིག་བཙུགས་ནས། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པར་ཞབས་ཞུ་དོ་དམ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ཡོད།
དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འགག་རྩ་ནི“དངོས་སྒྲུབ”ལ་ཐུག་ཡོད།
ཀྲེ་ཅང་ཧང་ཀྲོའུ་པིན་ཅང་ཆུས་ཁྲང་ཧོ་ཁྲོམ་གཞུང་གི་ལས་བྱེད་པ་ཀྲེང་ཝུན་ཤིང་གིས་2024ལོར་ལས་ཞོར་དུས་ཚོད་སྤྱད་དེ་ཟླ་བ་གཉིས་རིང་མངགས་ཚོང་ལས་སྟེགས་མང་པོར་མངགས་ཐོ་300ལྷག་ཙམ་སྐྱེལ་རོགས་བྱས་ཤིང་། བརྟག་ཞིབ་བྱས་པ་བརྒྱུད་གནས་ཚུལ་ངོ་མ་རྟོགས་ཐུབ་པ་སྟེ། གློག་རྫས་བརྗེ་སྒམ་གྱིས་གློག་སྡོང་ལས་དུས་ཚོད་གྲོན་ཆུང་མང་པོ་ཐུབ་པ་དང་ཝེ་པོ་ཚ་ཐབ་ནང་ཟ་མ་ཚ་པོ་བཟོ་བའི་དུས་ཚོད་ཀྱིས་མངགས་ཚོང་སྐྱེལ་མཁན་གྱིས་ཟ་མ་ཟ་བའི་དུས་ཚོད་ཀྱི་རྗེས་མི་ཟིན་པ་སོགས་ཀྱི་རྐྱེན་པས། ཁོང་གིས་ཁྲོམ་གཞུང་ཁོངས་གཏོགས་ཁུལ་གྱི་མངགས་ཚོང་སྐྱེལ་མཁན་ས་ཚུགས་ཀྱི་ནུས་པ་ཕྱོགས་ཡོངས་ནས་ལེགས་སྒྲིག་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ཡོད།
ཉེ་བའི་ལོ་ཤས་རིང་། ས་གནས་མང་པོ་ཞིག་གིས“གནས་བརྗེ་ཐེངས་གཅིག”སོགས་ཀྱི་བྱ་སྤྱོད་སྤེལ་ནས། ལས་བྱེད་པ་འཐབ་ས་དང་པོར་བསྐྱོད་པས“དཀའ་ངལ་ཁྲོད་ཀྱི་མྱོང་བ”དེ་བས་མང་པོ་ཞིག“ལམ་ལུགས་ཐད་ཀྱི་ལེགས་བཅོས”སུ་གྱུར་ཡོད།
དོན་འཁྱོལ་ལ་དམ་འཛིན་བྱས་ནས་གནད་དོན་ལ་ཁ་གཏད་གཅོག་པ།
ཧང་ཀྲོའུ་ཆན་ཐང་བློ་རིག་གྲོང་དུ་ཐད་གཏོང་ལས་རིགས་ཀྱི་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་མང་པོ་འདུས་སྡོད་བྱེད་བཞིན་ཡོད་པས། ངལ་རྩོལ་རྩོད་གཞིའི་ཞུ་གཏུག་ཀྱང་ལོ་རེ་བཞིན་མང་དུ་འགྲོ་གི་ཡོད། 2025ལོའི་ལོ་འགོར། ས་གནས་དེ་གར“གཙོ་སྐྱོང་པའི་གླེང་མོལ”གྱི་རྩོད་གཞི་ཐག་གཅོད་ལས་སྟེགས་དྲ་ཐོག་ཏུ་བཙུགས་ནས་སྡེ་ཚན་མང་པོས་འགལ་བ་དང་རྩོད་གཞི་གཅིག་འཐུས་རྣམ་པའི་ངང་འདུམ་འགྲིག་བྱེད་ཀྱི་ཡོད། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས། ས་གནས་ཁག་གིས་གཅིག་འཐུས་རྣམ་པའི་འདུམ་འགྲིག་ལྟེ་གནས་3000ལྷག་ཙམ་བཙུགས་པ་དང་། རིམ་རྩིས་བརྒྱབ་ན། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཐོབ་ཆ་སོགས་འབྲེལ་ཡོད་རྩོད་གཞི་ཁྲི་3ལྷག་ཙམ་འདུམ་འགྲིག་བྱས་ཡོད།
དོན་འཁྱོལ་ལ་དམ་འཛིན་བྱས་ནས་ལས་དོན་རེ་རེ་བཞིན་ཡག་པོ་སྒྲུབ་པ།
ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱ་རྒྱུ་དེ་ཁྱབ་རྒྱ་ཆེ་ལ་དོ་ཁུར་བྱེད་ཚད་ཀྱང་ཆེན་པོ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐབས་ལམ་མང་བའི་སྟབས་བསྟུན་ལས་ཞུགས་ཀྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ”དང“ལས་རིགས་ཀྱི་གནོད་འཚེ་འགན་སྲུང་གི་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་བ་དང་དུས་ཐོག་ཏུ་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་ལམ་ལུགས་ཆགས་པར་བྱེད་དགོས་པ” “ལས་རིགས་ཀྱི་གནོད་འཚེ་འགན་སྲུང་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ”སོགས་ཀྱི་ཐད་ནན་བཤད་གནང་བ་དེ་དག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་བཅུག་ཡོད།
མིག་སྔར། ལས་རིགས་ཀྱི་གནོད་འཚེ་འགན་སྲུང་གི་ཚོད་ལྟའི་ཞིང་ཆེན་17བར་མང་དུ་ཕྱིན་པ་དང་འདི་ལོ་རྒྱལ་ཡོངས་སུ་རྒྱ་སྐྱེད་གཏོང་རྒྱུ་རེད།
སྙིང་རུས་གཏན་འཁྱོངས་ཀྱིས་དམ་འཛིན་མཐར་ཕྱིན་བྱ་རྒྱུ་ཡིན་ཞིང་། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ཁྲི་8400ཡི་རེ་འདུན་མངོན་དུ་འགྱུར་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།