དུས་ཚིགས་དང་པོར་དྲ་ཐོག་ཚོང་ཟོག་དང་ཞབས་ཞུའི་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་8%འཕར་བ།
གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱི་དྲ་ཐོག་ཚོང་དོན་རྒྱུན་མཐུད་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་དང་། སྲིད་ཇུས་དང་བྱེད་སྒོ་མཉམ་འགུལ། མཐུན་རྐྱེན་སྦྱོར་བའི་སྐུལ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་དང་ཏན་ཏིག་བཅས་བྱུང་ནས་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད།
དྲ་ཐོག་ཚོང་དོན་གྱིས་དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་ཞུས་ཤིང་། ཚོང་དོན་གྱི་གྲངས་གཞི་ཆེ་མོར་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། དུས་ཚིགས་དང་པོར། རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་དྲ་རྒྱའི་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་14.7%འཕར་བ་དང་གཙོ་གནད་ལྟ་ཞིབ་ཚད་ལེན་གྱི་བཟོ་ལས་ཐོན་རྫས་ཐོན་ལས་ཀྱི་དྲ་ཚོང་ཉོ་ཚོང་བསྡོམས་འབོར་10.5%འཕར་ཡོད། དྲ་ཚོང་ལས་སྟེགས་དེ་མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེ་མོའི་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
དྲ་ཐོག་དྲ་ཕྱི་མཉམ་འདྲེས་ཀྱི་གྲངས་འཛིན་འཛད་སྤྱོད་དེ་འཛད་སྤྱོད་འཕར་བའི་སྒུལ་ཤུགས་གལ་ཆེན་དུ་གྱུར་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞིར་གཞིགས་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་དྲ་ཐོག་ཚོང་ཟོག་དང་ཞབས་ཞུའི་སིལ་ཚོང་བསྡོམས་འབོར་8.0%འཕར་བའི་ནང་དྲ་ཐོག་ཚོང་ཟོག་གི་སིལ་ཚོང་བསྡོམས་འབོར་གྱིས་སྤྱི་ཚོགས་འཛད་སྤྱོད་དངོས་ཟོག་སིལ་ཚོང་བསྡོམས་འབོར་གྱི་24.8%བཟུང་ཡོད། ཚོང་དོན་གྲངས་གཞི་ཆེ་མོར་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། རིག་ནུས་མིག་ཤེལ་དང་གྲངས་འཛིན་པར་ཆས་སོགས་གྲངས་འཛིན་ཐོན་རྫས་ཀྱི་དྲ་རྒྱའི་སིལ་ཚོང་བསྡོམས་འབོར་161.9%དང་71.5%སོ་སོར་འཕར་ཡོད། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་གྲངས་གཞིར་གཞིགས་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་བརྟན་པོའི་ངང་འཕར་ཡོད།
འབྲེལ་ཡོད་གསར་འགྱུར།