དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནོར་སྲིད་པུས་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་མ་དངུལ་སྒོར་དུང་ཕྱུར་458གཤམ་སྤྲོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-11

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་། ཀུན་ཕན། བདེ་འཇགས། སྤུས་ལེགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། ནོར་སྲིད་པུས་2026ལོར་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་མ་དངུལ་སྒོར་དུང་ཕྱུར་458གཤམ་སྤྲོད་བྱས་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་125.6མང་དུ་ཕྱིན་ཏེ་38%འཕར་ནས། ས་གནས་ཀྱིས་སློབ་ཞུགས་གོང་གི་བྱིས་གསོའི་སློབ་གསོའི་གྲོན་དངུལ་རྩ་ཆག་གི་སྲིད་ཇུས་སྲ་བརྟན་དང་དོན་འཁྱོལ་ཡག་པོ་བྱེད་པར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པ་དང་། ཀུན་ཕན་རང་བཞིན་གྱི་ཐོན་ཁུངས་ཀྱི་ཞན་ཆ་སེལ་བ་དང་བྱིས་གསོའི་སློབ་གསོའི་སྤུས་ཚད་མཐོ་རུ་བཏང་ནས། ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་བྱིས་པ་སོགས་ཀྱི་ཚོགས་སྤྱིར་རོགས་སྐྱོར་བྱེད་པའི་ལམ་ལུགས་བརྟན་དུ་བཏང་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བརྒྱབ་ན་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་མ་དངུལ་སྒོར་དུང་ཕྱུར་1262བཀོད་སྒྲིག་བྱས་ཤིང་། 2025ལོའི་སྟོན་དུས་ཀྱི་སློབ་དུས་ནས་བཟུང་། གཞུང་བཙུགས་བུ་བཅོལ་ཁང་གི་སློབ་ཞུགས་གོང་གི་ལོ་གཅིག་གི་བུ་བཅོལ་ཁང་དུ་ཡོད་པའི་བྱིས་གསོའི་སློབ་གསོའི་གྲོན་དངུལ་རྩ་ཆག་བཏང་བ་དང་། དམངས་བཙུགས་བུ་བཅོལ་ཁང་གི་སློབ་ལོ་ལོན་པའི་བྱིས་པར་དེ་མཚུངས་ཀྱི་ཆག་ཡང་དང་རྩ་ཆག་བཏང་བས། བུ་བཅོལ་ཁང་དུ་ཡོད་པའི་བྱིས་པ་ཁྲི་1400ལྷག་ཙམ་ལ་ཕན་པ་ཐོབ་ཡོད་ལ། ཁྱིམ་ཚང་གི་སློབ་གསོའི་འགྲོ་སོང་སྒོར་དུང་ཕྱུར་200ལྷག་ཙམ་ཉུང་དུ་ཕྱིན་ཡོད།

    གོམ་སྟབས་རྗེས་མར། ནོར་སྲིད་པུས་སློབ་གསོ་པུའུ་དང་མཉམ་དུ་ས་གནས་ཀྱིས་ཞིང་ཆེན་རིམ་པའི་སྤྱི་འདོམས་ནུས་པ་གང་ལེགས་འདོན་པར་མཛུབ་ཁྲིད་བྱས་ནས། ཀྲུང་དབྱང་གི་ཁ་གསབ་མ་དངུལ་དང་ས་གནས་ཀྱིས་འགན་འཁུར་དགོས་པའི་བྱིས་གསོའི་སློབ་གསོའི་གྲོན་དངུལ་རྩ་ཆག་གི་ཁ་གསབ་མ་དངུལ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་བུ་བཅོལ་ཁང་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་དང་ཆབས་ཅིག སློབ་ཞུགས་གོང་གི་སློབ་གསོའི་ལེགས་སྐྱེད་སྤུས་འདེགས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཞན་ཆ་གང་མགྱོགས་བསལ་ཏེ་བུ་བཅོལ་ཁང་གཉེར་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།