དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལས་རིགས་སློབ་གསོའི་ཡིད་དབང་འགུགས་ཤུགས་ཆེ་རུ་ཇི་ལྟར་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཏིང་ཡ་སུང་།   |     སྤེལ་དུས།  2026-05-11

    ཉེ་དུས་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མ་བསྡུ་བ་དང་དཔྱིད་དུས་མཐོ་སློབ་སློབ་གྲྭའི་སློབ་མ་བསྡུ་བའི་དུས་སུ་སླེབས་པར་བརྟེན། ཧུའུ་ནན་གྱི་ཁྲང་ཧྲ་ཚོང་དོན་ཡུལ་སྐོར་ལས་རིགས་ལག་རྩལ་སློབ་གླིང་གི་གྲངས་གཞི་ཆེན་པོ་དང་རྩིས་གཉེར་ཆེད་ལས་ལ་ཐོ་འགོད་ཚད་དང་བསྡུ་ཚད་440%ཟིན་ཡོད་པ་མ་ཟད། ཀོང་ཏུང་གི་ཧྲེན་ཀྲེན་ལས་རིགས་ལག་རྩལ་སློབ་ཆེན་གྱིས་སློབ་མའི་ཡིག་ཚགས་བསྡུ་བའི་སྐར་གྲངས་ཀྱང་ཇེ་མཐོར་འགྲོ་གི་ཡོད་པས། ཉེ་བའི་ལོ་ཤས་རིང་ལས་རིགས་སློབ་གསོར་དོ་ཁུར་བྱེད་ཚད་ཇེ་མཐོར་འགྲོ་བཞིན་ཡོད།

    ཡིན་ནའང་སེམས་ཁྲལ་འགའ་སྔར་བཞིན་གནས་པ་སྟེ། རྒྱུན་དུ་ལས་རིགས་སློབ་གྲྭ་དང་སློབ་གླིང་ལ་ཐོ་འགོད་པ་ནི“འུ་ཐུག་ཐབས་ཟད”ཀྱི་གདམ་ག་ཞིག་ལ་བརྩི་བ་དེ་རེད། དེར་དམིགས་ནས་ཐོན་ལས་ལ་མཁོ་བའི་འཇོན་ཐང་ཇི་ལྟར་བྱས་ནས་སྦྱོང་བ་དང་། མདུན་ལམ་གང་འདྲ་ཡོད་པ། ལས་རིགས་སློབ་གསོའི་ཡིད་དབང་འགུགས་ཤུགས་ཆེ་རུ་ཇི་ལྟར་གཏོང་དགོས་པ་བཅས་ཀྱི་ཐད་ལ། གསར་འགོད་པས་སློབ་གསོ་པུའུ་ཡི་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ་སིའི་འབྲེལ་ཡོད་འགན་འཁུར་བར་བཅར་འདྲི་བྱས།

    རྩལ་ནུས་ཀྱིས་ཐོན་ལས་ཀྱི་རྗེས་ཟིན་ཐུབ་ཀྱི་ཡོད་དམ།

    ཀློག་པ་པོས་དོ་ཁུར་བྱེད་པ་ནི། གྲོགས་པོ་འགས་ལས་རིགས་སློབ་གླིང་གི་ཆེད་ལས་ཀྱི་སྒྲིག་བཀོད་ཅུང་རྗེས་ལུས་ཡིན་པར་འདོད་པས། སློབ་གྲྭ་ཐོན་རྗེས་སློབ་གྲྭར་སྦྱངས་པའི་རྩལ་ནུས་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་རྗེས་ཟིན་ཐུབ་ཀྱི་ཡོད་དམ།

    དམིགས་ཚད་ཀྱི་ངེས་གནས་གནད་འཁེལ་བཙལ་རྗེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་དང་འགྲོགས་པའི་ད་ཆ་ལས་རིགས་སློབ་གསོར་ཡང་ཐུན་མོང་གི་ངོས་འཛིན་དེ་འདྲ་ཞིག་ཆགས་ཡོད།

    “སྦྱང་བྱའི་ཆེད་ལས་ལོ་ལྟར་ལེགས་སྒྲིག་ཐེངས་རེ་བྱས་ནས་ཆེད་ལས་བཀོད་སྒྲིག་ཐད‘དཔེ་གསར’ཡོང་ཐབས་བྱེད་ཀྱི་ཡོད”ཅེས་འགན་འཁུར་བས་ངོ་སྤྲོད་བྱས་ཤིང་། ཁོང་གིས། ཉེ་བའི་ལོ་5ཡི་རིང་ལས་རིགས་སློབ་གསོས་ཆེད་ལས་གསར་པ་143དང་ཆེད་ལས་ས་ཚིགས་ཁྲི་1.2གསར་དུ་བཙུགས་པ་དང་། ལས་རིགས་སློབ་གསོའི་ཆེད་ལས་ས་ཚིགས་ཀྱི་50%ལས་གྲྭ་དང་ལག་རྩལ་རིགས་ཀྱི་ཆེད་ལས་ཤ་སྟག་ཡིན་ལ། ཆེད་ལས་ས་ཚིགས་ལོར་ཆ་སྙོམས་ལེགས་སྒྲིག་བྱེད་ཚད10%ཙམ་ཟིན་གྱི་ཡོད་ཅེས་བཤད།

    གྲངས་གཞི་དེ་དག་གི་རྒྱབ་ཏུ་ཡང་སྙིང་ཆེད་ལས་གསར་པ་གང་འདྲ་ཞིག་ཡོད་པའི་ཐད། ཁྲང་ཁྲུན་ལས་རིགས་ལག་རྩལ་སློབ་ཆེན་གྱིས་འདུས་གྲུབ་གློག་ལམ་ཐོན་ལས་སློབ་གླིང་བཙུགས་པའི་ཁར་ཁེ་ལས་དང་མཉམ་ལས་ཀྱིས་མངགས་ཐོའི་འཛིན་གྲྭ་གཉེར་ནས། འཁོར་ཐོག་གི་འདུས་གྲུབ་གློག་ལམ་ཐད་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱས་པ་དང་། ཤིས་ཨན་མཁའ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་གིས་དམའ་དབྱིངས་འཕུར་ཆས་སྒྲིག་ཆས་ལག་རྩལ་ཆེད་ལས་བཙུགས་ནས། དམའ་དབྱིངས་འཕུར་ཆས་ཇུས་འགོད་བཟོ་སྐྲུན་དང་། སྒྲིག་སྦྱོར་ཚོད་སྒྲིག འཁོར་སྐྱོད་ཉམས་བཟོ་སོགས་ལ་དམིགས་ཡོད། ཆེད་ལས་གསར་པ་དེ་དག་གིས་མིག་སྔའི་དཔལ་འབྱོར་གསར་པ་དང་། ལས་རྣམ་གསར་པ། ལག་རྩལ་གསར་པ། ལས་རིགས་གསར་པ་བཅས་ཀྱི་དགོས་མཁོར་དམིགས་ཡོད།

    འགན་འཁུར་བས“ཐོན་ལས་ལ་མི་གང་འདྲ་ཞིག་དགོས་པ་དེ་མཚུངས་ཀྱིས་གསོ་སྐྱོང་བྱེད་ཀྱི་ཡོད” 2025ལོའི་ལོ་མཇུག་ཏུ། སློབ་གསོ་པུའུ་ཡིས་ཐེངས་གཅིག་ལ་ཆེད་ལས་གསར་པ་57མང་དུ་བཏང་བ་དེ་དག་དམའ་དབྱིངས་དཔལ་འབྱོར་དང་། མི་ཐབས་རིག་ནུས། རྒན་གསོ་བུ་བཅོལ་སོགས་ཀྱི་མདུན་གྲལ་ཁྱབ་ཁོངས་སུ་ཁྱབ་ཡོད་ཅེས་བཤད།

    སྦྱངས་པའི་ཤེས་བྱ་དག་ཁེ་ལས་ལ་མཁོ་གི་ཡོད་དམ།

    ཀློག་པ་པོས་དོ་ཁུར་བྱེད་པ་ནི། སྔོན་མ་ལས་རིགས་སློབ་གསོའི་ཐོན་སྐྱེད་དང་སློབ་གསོ་གཉིས“ཁག་ཁག”ཡིན་པར་འདོད་པས། གལ་ཏེ་ངས་ལས་རིགས་སློབ་གླིང་དང་སློབ་གྲྭར་མིང་ཐོ་བཀོད་ཚེ་ཁེ་ལས་ལ་མཁོ་བའི་རྩལ་ནུས་དངོས་གནས་སྦྱོང་ཐུབ་ཀྱི་ཡོད་དམ།

    སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱིས་སློབ་གསོ་དང་ཐོན་ལས་གཉིས“ཁག་ཁག”མི་ཡོང་བ་བྱ་རྒྱུ་དེ་སྔར་ནས་ལས་རིགས་སློབ་གསོའི་མདུན་དུ་འཕྲད་པའི་དཀའ་གནད་ཅིག་རེད། ཉེ་བའི་ལོ་ཤས་རིང་། ས་གནས་ཁག་དང་སློབ་གྲྭ་ཁག་གིས“ལས་རིགས་སློབ་གསོ་ཆེན་པོའི”འདུ་ཤེས་བཙུགས་ནས་མཉམ་ལས་ལམ་སྲོལ་གསར་གཏོད་བྱས་ཏེ། ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་རུ་གཏོང་བཞིན་ཡོད།

    འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་མི་ཉུང་བ་ཞིག་གིས་གྲོང་ཁྱེར་ཁོངས་ཀྱི་ཐོན་ལས་དང་སློབ་གསོ་མཉམ་འབྲེལ་དང་ལས་རིགས་ཀྱི་ཐོན་སློབ་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ་སྟེ། ཁེ་ལས་དང་། སློབ་གྲྭ ལས་རིགས་བཅས་ཀྱིས་མཉམ་དུ་ཇུས་གཞི་བཟོས་ཡོད། ད་ལོའི་ཟླ་བ་གཉིས་པར་སློབ་གསོ་པུའུ་ཡིས《ལས་རིགས་སློབ་གསོའི་སློབ་ཁྲིད་ཀྱི་འགག་རྩའི་རྒྱུ་རྐྱེན་གཙོ་བོར་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམས་པའི་ནང་། ཆེད་ལས་དང་། སློབ་ཚན། སློབ་དེབ། དགེ་རྒན། དངོས་སྦྱོང་བཅས་ཀྱི་མཉམ་འགུལ་སྒྱུར་བཅོས་བྱེད་པར་སྐུལ་འདེད་བརྒྱུད་རིམ་ལྡན་པ་བཏང་ཡོད། དེའི་ཁ་ཕྱོགས་ཧ་ཅང་གསལ་པོ་ཡིན་པ་ནི། ལས་རིགས་སློབ་གསོའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེ་ཤེས་བྱ་རྐྱང་པ་སློབ་ཁྲིད་བྱེད་པ་ནས་ཕྱོགས་བསྡུས་འཇོན་ཐང་ཆེ་རུ་གཏོང་རྒྱུར་བསྒྱུར་རྒྱུ་དེ་ཡིན།

    ལས་ཞུགས་ཀྱིས་སློབ་མའི་རེ་འདུན་སྐོང་ཐུབ་ཀྱི་ཡོད་དམ།

    ཀློག་པ་པོས་དོ་ཁུར་བྱེད་པ་ནི། མི་མང་པོས་ལས་རིགས་སློབ་གྲྭར་གཏོང་རྒྱུ་ནི“འུ་ཐུག་ཐབས་ཟད”ཀྱི་གདམ་ག་ཞིག་ཏུ་འདོད་པས། ལས་རིགས་སློབ་གྲྭ་འགྲིམས་རྗེས། ཕྲུ་གུར་ལས་ཀ་ཡག་པོ་ཞིག་རག་ཐུབ་བམ།

    ཉེ་བའི་ལོ་ལྔ་ཡི་རིང་། ལས་རིགས་སློབ་གསོས་དེང་རབས་ཀྱི་ཐོན་ལས་ལ་བྱང་ཚད་མཐོ་ཞིང་རྩལ་ནུས་ཆེ་བའི་ཤེས་ལྡན་པ་70%ཡན་མཁོ་འདོན་བྱས་ཡོད་པས། “ལས་རིགས་སློབ་གསོའི་མདུན་ལམ་ནི་རྒྱ་ཆེ་ལ་བྱེད་རིན་ཆེན་པོ་ཡོད་པ”དེ་མངོན་སུམ་དུ་གྱུར་ཡོད།

    གྲངས་གཞིའི་ཐོག་ནས་བརྗོད་ན། མཐོ་རིམ་ལས་རིགས་སློབ་ཐོན་སློབ་མ་ལས་ཞུགས་བྱེད་ཚད་ཉེ་བའི་ལོ་ལྔ་ཡི་ནང་90%ཙམ་བརྟན་པོར་གནས་ལ། སློབ་གླིང་རྩེར་སོན་ཁག་གཅིག་ནས་ལས་ཞུགས་ཐུབ་ཚད་95%ལས་བརྒལ་ཡོད། ཁེ་ལས་ཀྱི་འགན་འཁུར་བ་མང་པོ་ཞིག་གིས་ལས་རིགས་སློབ་གྲྭའི་སློབ་མ་བསྡུ་འདོད་བྱེད་ཀྱི་ཡོད། གང་ལགས་ཤེ་ན། ཁོང་ཚོས“མགྱོགས་པོ་ཤེས་ཐུབ་པས”རེད་ལ། ད་དུང་ཁེ་ལས་ཁག་གཅིག་གིས་སློབ་གྲྭ་དང་མཉམ་དུ་ཐོན་ལས་སློབ་གླིང་བཙུགས་ནས“མངགས་ཐོ་རྣམ་པའི”གསོ་སྐྱོང་དང་ཆེད་དོན་གསོ་སྦྱོང་བྱས་པས་སློབ་མའི་ལས་ཞུགས་ཀྱི་མདུན་ལམ་ཡག་པོ་ཡོད།

    “ང་ཚོས‘མཐོ་བ་གཉིས་ཀྱི་འཆར་གཞི’གོ་སྐབས་སུ་བྱས་ནས་དེང་རབས་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ལས་རིགས་སློབ་གསོའི་སློབ་གཉེར་གྱི་སྤུས་ཚད་དང་ཡིད་དབང་འགུགས་ཤུགས་ཆེ་རུ་བཏང་ནས། ལས་རིགས་སློབ་གླིང་དེ‘འུ་ཐུག་ཐབས་ཟད’ཀྱི་གདམ་ག་ཞིག་མིན་པར་སློབ་མའི་རྩལ་ནུས་ལ་བརྟེན་པ་དང་། སློབ་རིམ་འཕར་ཐུབ་པ། ལས་ཞུགས་ཀྱི་བྱེད་ཐབས་ཡོད་པ་བཅས་ཀྱི་འཚར་ལོངས་ལམ་བུ་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན”ཞེས་འགན་འཁུར་བས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།