རྒྱལ་སྤྱིའི་སྒྲིག་ལམ་བརྟན་པོ་སྲུང་སྐྱོང་བྱེད་རྒྱུ་ནི་རྒྱལ་ཁབ་ཁག་གིས་འགྲན་སློང་ལ་ཁ་གཏད་གཅོག་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་རེད།

《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་དགོངས་དོན་དང་རྩ་དོན་དེ་དེང་རབས་རྒྱལ་སྤྱིའི་འབྲེལ་བའི་རྨང་རྡོར་གྱུར་ཡོད། རྩ་འཛིན་གྱི་གླེང་གཞིར“ངེད་མཉམ་འབྲེལ་རྒྱལ་ཚོགས་མི་དམངས་ལ་ཆོད་སེམས་འདི་ཡོད”ཅེས་གསལ་བསྒྲགས་བྱས་ཤིང་། དེ་ཐོག་ནས་རྩ་བའི་གཞི་འཛིན་ས་ཆེན་པོ་གཉིས་གཏན་འཁེལ་བྱས་པ་སྟེ། ཕྱོགས་གཅིག་ནས་མིའི་རིགས་ཀྱི་བདེ་རྩ་ཆེ་རུ་གཏོང་རྒྱུ་དེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ལྟེ་བའི་དམིགས་ཚད་དུ་བརྩི་རྒྱུ་དང་། ཕྱོགས་གཞན་ཞིག་ནས་བདག་དབང་འདྲ་མཉམ་དེ་རྒྱལ་ཁབ་དབར་འགྲོ་འོང་བྱེད་པའི་རྩ་དོན་དུ་བརྩི་རྒྱུ་དེ་རེད།
བདག་དབང་འདྲ་མཉམ་གྱི་རྩ་དོན་གྲུབ་པར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཟབ་མོ་ལྡན་ཡོད་ཅིང་། མི་རིགས་རང་བཙན་དང་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་འཕེལ་རིམ་ནང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རྩ་དོན་འདི་གཏན་འཁེལ་བྱེད་པར་ཐག་གཅོད་རང་བཞིན་གྱི་ནུས་པ་བཏོན་ཡོད། སྔོན་ཆད“ཤེས་དཔལ་གྱི་ཚད་གཞི”ཟེར་བ་སྔོན་འགྲོར་བྱས་ནས་རྒྱལ་ཁབ་ཅིག་རང་བཙན་ཐུབ་མིན་གྱི་འདུ་ཤེས་གཏན་འཁེལ་བྱས་པ་དང་། དེ་ནས་བདག་དབང་འདྲ་མཉམ་གྱི་ཡོངས་ཁྱབ་རྩ་དོན་འདིས་དེའི་ཚབ་རིམ་བཞིན་བྱས་ཡོད། རྒྱལ་ཁབ་ཆེ་ཆུང་དང་། དྲག་ཞན། དབུལ་ཕྱུག་བཅས་གང་ཡིན་རུང་། འཛམ་གླིང་བཅོས་སྐྱོང་གི་འཕེལ་རིམ་ཁྲོད་འདྲ་མཉམ་ངང་ཞུགས་པ་དང་། འདྲ་མཉམ་ངང་ཐབས་ཇུས་འདོན་པ། འདྲ་མཉམ་ངང་ཁེ་ཕན་ཐོབ་པ་བཅས་ཀྱི་དབང་ཆ་ཡོད་ཅིང་། དེ་ལས་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་བསྟུན་མཁས་ཀྱི་ཕྱོགས་སུ་གོམ་པ་གལ་ཆེན་སྤོས་པ་མཚོན་ཡོད།
དུས་ཡུན་ངེས་ཅན་ཞིག་གི་རིང་རྒྱལ་སྤྱིའི་སྒྲིག་ལམ་ལ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བའི་འགྲན་སློང་འཕྲད་ཡོད་ཅིང་། རྒྱལ་ཁབ་ཁག་ཅིག་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབང་སྐུར་མ་ཐོབ་པའི་གནས་ཚུལ་འོག་ཕྱོགས་རྐྱང་པའི་དམག་དོན་བྱ་སྤྱོད་སྤེལ་ཏེ། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་ཚབས་ཆེན་འགལ་བ་མ་ཟད། རྒྱལ་སྤྱིའི་སྒྲིག་སྲོལ་གདམ་གའི་རང་བཞིན་གྱིས་བཀོལ་སྤྱོད་བྱེད་པའི་གནད་དོན་ཡང་ཛ་དྲག་ཏུ་ཕྱིན་ཡོད། བདག་དབང་འདྲ་མཉམ་ཡིན་པའི་རྩ་དོན་གང་འདོད་དུ་ཉམས་དམས་སུ་བཏང་ཚེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་དེ་བས་མང་བའི་བརྟན་ལྷིང་རང་བཞིན་དང་ངེས་གཏན་རང་བཞིན་མེད་པའི་གནས་ཚུལ་འཕྲད་རྒྱུ་ལྡོག་མེད་རེད།
འགྲན་སློང་མང་པོའི་མདུན་དུ་ཕྱོགས་མང་རིང་ལུགས་ཀྱི་གལ་ཆེའི་རང་བཞིན་དེ་བས་མངོན་གསལ་དོད་དུ་ཕྱིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་གིས་ཕྱོགས་ཁག་དབར་གླེང་མོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ཕན་མཐུན་སྦྱོར་བྱེད་པ། ངོས་འཛིན་གཅིག་མཐུན་ཡོང་བ་བཅས་ལ་ལས་སྟེགས་མཁོ་འདོན་བྱས་ཡོད་ལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རེ་འབོད་དང་སྐད་ཆ་ཤོད་པའི་བར་སྟོང་ཡང་བསྐྲུན་ཡོད། དུས་རབས་གོང་མའི་ལོ་རབས་70པར། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་རྒྱལ་སྤྱིའི་དཔལ་འབྱོར་གྱི་སྒྲིག་ལམ་གསར་པ་འཛུགས་དགོས་ལུགས་བཏོན་ཡོད། ཡིན་ནའང་འབད་བརྩོན་དེ་དག་གིས་ཡུན་རིང་གནས་པའི་གྲུབ་ཆའི་རང་བཞིན་དྲང་བདེན་མིན་པ་སེལ་ཐུབ་མེད་པར། དེ་བས་དྲང་གཞག་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་རྒྱུའི་ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཡོད།
ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་དེ་དུས་རབས་ཀྱི་དགོས་མཁོ་དང་ཧ་ཅང་འཚམ་ཞིང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་ནུས་པ་ཆེ་རུ་གཏོང་རྒྱུར་གཞོལ་ཏེ་གླེང་མོལ་ལ་བརྟེན་ནས་འགལ་བ་སེལ་བ་དང་། གྲོས་མོལ་ལ་བརྟེན་ནས་འགལ་བ་སེལ་བ། མཉམ་ལས་ལ་བརྟེན་ནས་བདེ་འཇགས་ལ་སྐུལ་འདེད་གཏོང་བ་བཅས་དར་སྤེལ་ཧུར་ཐག་གཏོང་བ་དང་། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་མཐའ་འཁྱོངས་བྱེད་པ། རྒྱལ་ཁབ་ཁག་གིས་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་འགྲོ་ལམ་རང་བདག་ངང་གདམ་ག་བྱེད་པའི་དབང་ཆར་བརྩི་འཇོག་བྱེད་ཀྱི་ཡོད། འབད་བརྩོན་འདི་ལྟ་བུ་བྱེད་པའི་དམིགས་ཡུལ་ནི་དེ་བས་བརྟན་ལྷིང་དང་། བསྟུན་མཁས། སྔོན་དཔག་ཐུབ་པ་བཅས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ཞིག་འཛུགས་རྒྱུ་དེ་རེད། འདུ་ཤེས་དེའང་ཀྲུང་གོའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོན་ཅིང་། ཉེན་ཁའི་དུས་སུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པ་དང་དུས་བབ་ཛ་དྲག་པའི་དུས་སུ་ཕྱི་འབྲེལ་གྱི་བར་འདུམ་བྱེད་པ་སོགས་ཚང་མའི་ཐོག་ནས། ཀྲུང་གོས་སྐད་ཆ་ཤོད་རེས་དང་མཉམ་ལས་ཀྱི་འགན་འཁྲི་འཁུར་བའི་རྣམ་འགྱུར་རྒྱུན་འཁྱོངས་བྱེད་པ་མངོན་ཡོད། གཏན་འཁེལ་རང་བཞིན་མེད་པའི་དེང་སྐབས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་ཁྲོད་ཀྲུང་གོས་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་སྔོན་དཔག་རང་བཞིན་རྒྱུན་འཁྱོངས་བྱེད་པ་དེས་རྒྱལ་སྤྱིའི་ཡིད་ཆེས་སླར་གསོ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།
འཛམ་གླིང་སྣེ་མང་ཅན་དུ་འཕེལ་རྒྱས་གཏིང་ཟབ་འགྲོ་བ་དང་བསྟུན་ནས་འབོ་གསེར་མཉམ་ལས་ལམ་སྲོལ་དེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་དབར་མཐུན་སྒྲིལ་མཉམ་ལས་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བ་མ་ཟད། འཕེལ་རྒྱས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་ནུས་ལྡན་འཚོལ་ཞིབ་ཀྱང་ཧུར་ཐག་བྱས་ཡོད།
འཛམ་གླིང་ཉིན་རེ་བཞིན་སྣེ་མང་ཅན་དུ་འགྱུར་བའི་དེང་གི་ཆར། འགག་རྩ་ནི་འགྱུར་ལྡོག་གཏོང་དགོས་མིན་དེ་མིན་པར། ཐབས་ཤེས་གང་ཞིག་སྤྱད་ནས་འགྱུར་ལྡོག་གཏོང་བ་དང་ཁ་ཕྱོགས་གང་ཞིག་གི་ཕྱོགས་སུ་འགྱུར་ལྡོག་གཏོང་དགོས་མིན་དེ་རེད། རྒྱལ་ཁབ་ལ་ལས་བཙན་ཤེད་དང་དྲག་ཤུགས་ལ་བརྟེན་ནས་སྔར་ཡོད་ཀྱི་རིམ་ལྡན་སྒྲིག་ལམ་རྒྱུན་འཁྱོངས་བྱེད་རྩིས་བྱེད་ཀྱི་ཡོད། ཡིན་ནའང་རྒྱུན་མཐུད་ཆོག་པའི་རྒྱལ་སྤྱིའི་སྒྲིག་ལམ་དེ་ངེས་པར་དུ་འདྲ་མཉམ་གླེང་མོལ་དང་། ཕན་ཚུན་བརྩི་འཇོག གྲོས་མོལ་གཅིག་མཐུན་བཅས་ཀྱི་རྨང་གཞིའི་ཐོག་འཛུགས་དགོས། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་དམིགས་ཡུལ་དང་རྩ་དོན་མཐའ་འཁྱོངས་དང་། བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་སྲུང་སྐྱོང་། དེ་བས་ཀུན་ཕན་བསྟུན་མཁས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱེད་པ་དེ་ནི་ད་གཟོད་ལོ་རྒྱུས་ཀྱི་རླབས་རྒྱུན་དང་མཐུན་པའི་གདམ་ག་ཞིག་རེད། ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པའི་འཛམ་གླིང་འདིར་བདག་དབང་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་མཉམ་ལས་གཏིང་ཟབ་བྱེད་པ་དང་། སྣེ་མང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་ཐུན་མོང་ངོས་འཛིན་ཆགས་པར་བྱེད་པ། རྒྱལ་ཁབ་ཁག་གི་ཁེ་ཕན་ལ་བསྟུན་པའི་རྨང་གཞིའི་ཐོག་ཐུན་མོང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཚེ། ད་གཟོད་འཛམ་གླིང་ཡུན་རིང་ཞི་བདེ་དང་ཐུན་མོང་འཕེལ་རྒྱས་ཡོང་བར་དེ་བས་འགན་ལེན་བརྟན་པོ་བྱེད་ཐུབ།
(རྩོམ་པ་པོ་ནི་པར་ཙིར་འབོ་གསེར་རྒྱལ་ཁབ་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཡིན་པ)
འབྲེལ་ཡོད་གསར་འགྱུར།