ཀྲུང་གོས་མྱུར་བགྲོད་ལྕགས་ལམ་སྐྲུན་པའི་དྲ་རྒྱ་སླར་ཡང་ཆེ་རུ་བཏང་བ།

འདི་ནི་ཁྲུང་ཆིང་གྲོང་ཁྱེར་ཆན་ཅང་མཐོ་གསར་ཁུལ་དུ་ཁྲུང་ཞ་མྱུར་བགྲོད་ལྕགས་ལམ་དང་། ཆན་ཀྲང་ཁྲང་ལྕགས་ལམ། ཁྲུང་ཧོའེ་ལྕགས་ལམ་ཉིས་གཤིབ་མ། ཁྲུང་ཧུའུ་མྱུར་བགྲོད་གཞུང་ལམ། ཆན་ཅང་ཁུལ་གྱི་མཚམས་བརྒལ་མྱུར་བགྲོད་གཞུང་ལམ་སོགས་ཀྱི་འཚང་གཡོལ་སྟར་སྒྲིག་གིས་འགྲིམ་འགྲུལ་གྱི་ལྟེ་བའི་དྲ་བ་ཞིག་གྲུབ་པ།
ཀྲུང་གོ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མྱུར་བགྲོད་ལྕགས་ལམ་ཁག་གཉིས་གསར་སྐྲུན་བྱེད་པར་དངོས་སུ་ཆོག་མཆན་སྤྲད་པ་དེ་ཐོག་ནས་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་ཐད་སླར་ཡང་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་ཡོད།
རྣམ་གྲངས་དེ་གཉིས་ནི་ཆན་ཅང་ནས་ཅི་ཧྲོའུ་བར་དང་། ནན་དབྱང་ནས་ཧོ་ཧྥེ་བར་གྱི་ལྕགས་ལམ་ལམ་ཐིག་གཉིས་ཡིན་པ་དང་དེའི་དམིགས་ཡུལ་ནི་རྒྱལ་ཡོངས་ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་དང་ཤར་གཏོང་མྱུར་ཚད་མགྱོགས་སུ་གཏོང་ཆེད་ཡིན་པ་རེད། རྣམ་གྲངས་དེ་གཉིས་ཀྱིས་རྒྱལ་ཁབ་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དེང་རབས་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་ཀྲུང་གོའི་སྣེ་ཁྲིད་གནས་བབ་སྔར་བས་སྲ་བརྟན་དུ་གཏོང་རེ་ཡོད་པ་རེད།
ཆོག་མཆན་ཐོབ་པའི་རྣམ་གྲངས་དེ་གཉིས་ཀྱི་ཆན་ཅང་ནས་ཅི་ཧྲོའུ་བར་གྱི་ལམ་ཐིག་ལ་མི་རྣམས་ཀྱིས་དོ་སྣང་དེ་བས་ཆེ་བ་བྱེད་པ་སྟེ། མེ་འཁོར་ལམ་ཐིག་དེར་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་350ཡི་ཇུས་འགོད་བྱ་རྒྱུ་ཡིན་པ་དང་། ཁྱོན་ལམ་ཐག་སྤྱི་ལེ་222ཟིན་པའི་ལམ་ཐིག་དེ་ཀྲུང་གོའི་དབུས་ནུབ་ས་ཁུལ་སྒྲོལ་ནས་ས་ཁུལ་དེའི་ཡུལ་སྐོར་དུས་ཚོད་མངོན་གསལ་དོད་པོས་ཐུང་དུ་འགྲོ་རྒྱུ་ཡིན་པ་རེད། རྣམ་གྲངས་དེ་ནི་ཀྲུང་གོས་མྱུར་བགྲོད་ལྕགས་ལམ་དྲ་བ་གྲོང་ཁྱེར་ཆུང་ངུ་བར་རྒྱ་ཆེར་གཏོང་བ་དང་མི་སྣ་འགྲོ་སྐྱོད་སྟབས་བདེ་རུ་གཏོང་བའི་འཆར་གཞི་ཞིག་རེད།
ས་ཁུལ་དེའི་ངོས་ནས་བརྗོད་ན། ཆན་ཅི་ལྕགས་ལམ་ནི་མཆོང་སྐྱོད་གལ་ཆེན་ཞིག་རེད། དེས་མྱུར་བགྲོད་ལྕགས་ལམ་རྣམ་གྲངས་དེ་རིགས་ཀྱི་རྨང་གཞིའི་སྒྲིག་བཀོད་མེད་པའི་ས་ཁུལ་དུ་ཁྲིད་རྒྱུ་རེད། ལམ་ཐིག་གསར་པས་ཆན་ཅང་དང་ཅི་ཧྲོའུ་དབར་གྱི་ཡུལ་སྐོར་དུས་ཚོད་ཇེ་ཐུང་དུ་ཕྱིན་ནས་ཧྭ་ཀྲུང་ས་ཁུལ་དུ་མྱུར་ཚད་མགྱོགས་ཤིང་ནུས་ཆེའི་ཡུལ་སྐོར་བྱེད་ཐུབ་རེ་ཡོད་པ་རེད།
རྣམ་གྲངས་དེ་གཉིས་ཀྱིས་འབྲེལ་ཡོད་ས་ཁུལ་དེ་བས་རྒྱ་ཁྱབ་ཀྱི་དཔལ་འབྱོར་མངའ་ཁོངས་ནང་ཞུགས་པར་ཕན་ཐོགས་ཡོད་ལ། ཚོང་དོན་དང་། ཡུལ་སྐོར། ཚོང་ལས་བཅས་མཉམ་འགུལ་ལ་སྐུལ་འདེད་ཀྱང་ཐེབས་རྒྱུ་རེད། རྣམ་གྲངས་དེས་ད་དུང་འཛུགས་སྐྲུན་དང་གཉེར་སྐྱོང་དུས་མཚམས་སུ་ལས་ཞུགས་ཀྱི་གོ་སྐབས་བཏོད་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་པ་རེད།
—— ཨ་རིའི《འཛམ་གླིང་བསྐོར་བ》ཞེས་པའི་དུས་དེབ་ཀྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།