དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ལྷོ་ཁའི་ངོ་མཚར་ཆེ་བའི་འདས་སོང་དང་ད་ལྟ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅང་མོང་ཁྲེན།   |     སྤེལ་དུས།  2026-05-11

    བོད་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་ནས་ཤར་ལྷོའི་མཚམས་སུ་སྤྱི་ལེ་100ཙམ་བསྐྱོད་མཐར་ཡར་ཀླུང་གཙང་པོའི་ལུང་གཞུང་གི་ཁ་ཞེང་རིམ་བཞིན་ཆེ་རུ་ཕྱིན་པ་དང་། ངོགས་གཉིས་སུ་སྤང་ལྗོངས་ཡུག་འབྲེལ་ནས་སྐྱེས་པ་མ་ཟད། ནས་ཞིང་དང་རྒྱ་ལྕང་ལྷན་གཅིག་ཏུ་འདྲེས་ནས་སྔོ་ལྗང་གི་ཞིང་ཁམས་ཤིག་གྲུབ་ཅིང་། དེ་ནི“བོད་ཀྱི་སྦས་ལུང”ཞེས་གྲགས་པའི་ལྷོ་ཁ་གྲོང་ཁྱེར་རེད།

    ལྷོ་ཁ་ནི་བོད་ཀྱི་ལྷོ་ཕྱོགས་སུ་གནས་པ་དང་། ཡར་ཆབ་གཙང་པོ་ལྷོ་ཕྱོགས་ཀྱི་རི་ཁུལ་ནས་ཡར་ཀླུང་གཙང་པོར་འབབ་པ་དང་། ཆུ་བོ་གཉིས་ཀྱི་འདྲེས་མཚམས་སུ་ས་རྒྱུ་གཤིན་པའི་ཟུར་གསུམ་གླིང་ཞིག་ཆགས་ཤིང་། དེར་ཆགས་པའི་ལྷོ་ཁ་གྲོང་ཁྱེར་གྱི་ཆ་སྙོམས་ས་བབ་སྨི་3700ཙམ་ཡིན།

    ས་བབ་སྨི་110ལས་མེད་པའི་ཤིས་པའི་ཤར་ཆུའི་ལུང་གཤོང་དང་ས་བབ་སྨི་7554ཟིན་པའི་སྐུ་ལྷ་མཁའ་རིའི་མཐོ་ཚད་ལ་ཧེ་བག་ལྡབ་70ཙམ་ཡོད་ལ། དུས་བཞིའི་རྣམ་པ་གསལ་ལེར་མཐོང་ཐུབ་པའི་སྐྱེ་ཁམས་ཀྱི་ངོ་མཚར་མཛེས་ལྗོངས་ཤིག་བཏོད་ཡོད།

    སྔོ་ཐིང་ཐིང་གི་གདོད་མའི་ནགས་ཚལ་ནས་ཁ་བས་བཀླུབས་པའི་འཁྱགས་རོམ་དང་གངས་རི་དང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ནས་སྐར་ཚོགས་ལྟར་བཀྲམ་པའི་མཚོ་མཚེའུ་བར། ལྷོ་ཁ་གྲོང་ཁྱེར་དུ་བོད་ཀྱི་ཁྱད་ལྡན་ས་དབྱིབས་ཅི་རིགས་འདུས་ནས་མཚོ་བོད་ས་མཐོའི་བརྗིད་ཉམས་དང་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཅིག་ཅར་དུ་མངོན་ཡོད།

    དེ་གར་ལོ་རྒྱུས་ཐོག་གི“ཨང་དང་པོ”མང་པོ་བྱུང་མྱོང་།

    མེས་པོ་ཚོས་ཞིང་ལ་སྔ་བ་ཟོ་ཐང་ཞིང་སྦོལ་བ་དང་། གྲོང་ལ་སྔ་བ་མོན་གྲོང་ཤར་པ་བསྐྲུན་ནས་ལྷོ་ཁ་འདི་ཉིད་བོད་ཀྱི་འབྲུ་རིགས་ཐོན་ཁུལ་གལ་ཆེན་ཞིག་ཏུ་གྱུར་ལ། བོད་ཀྱི་མཁར་ལ་སྔ་བ་ཡུམ་བུ་བླ་མཁར་བཀྲ་ཤིས་ཚེ་རིང་ཐོག་ཏུ་བསྐྲུན་ནས་ལོ་ངོ་སྟོང་གི་ལོ་ཟླའི་འཕོ་འགྱུར་དང་ཤེས་དཔལ་ལ་བདེན་དཔང་བྱེད་བཞིན་མཆིས།

    ད་དུང་ལྷོ་ཁར“བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ”དང་ཞིང་པའི་མཐུན་ཚོགས་དང་པོ་སོགས་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི“ཨང་དང་པོ་བརྒྱད”ཡོད་པ་དག་གིས་བོད་ཀྱི་སྤྱི་ཚོགས་འཕོ་འགྱུར་ལ་བདེན་དཔང་བྱེད་བཞིན་དུ་ཤེས་དཔལ་གྱི་ལེའུ་གསར་པ་མུ་མཐུད་རྩོམ་བཞིན་ཡོད།

    ལྷ་མོ་ནི་གཞས་མ་གཏམ་དང་། འཁྲབ་སྟོན། གླུ་གར། རྩོམ་རིག་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཀྱི་སྒྱུ་རྩལ་ཞིག་ཡིན་ཞིང་། ད་བར་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་ཆོས་རྟེན་སྡེ་ཁུལ་ནས་འཁྲབ་སྟོན་པ་ཚོའི་སྐད་གསང་མཐོ་བའི་ལྷ་མོའི་སྙན་འཇེབས་ཀྱི་སྒྲ་རྣ་བར་ལྷང་ལྷང་དུ་གྲགས་འོང་། ཁོང་ཚོས་མཛེས་པའི་འཁྲབ་ཆས་དང་ཚོན་མདོག་མི་འདྲའི་ཞལ་འབག་གྱོན་ཞིང་། རྔ་སྒྲ་དང་བསྟུན་ནས་གནའ་བོའི་སྟངས་སྟབས་སྒྱུར་བཞིན་དུ་ལྷ་མོའི་འཁྲབ་གཞུང་ཁག་འཁྲབ་བཞིན་ཡོད།

    “ལོ་རྒྱུས་ཀྱི་ཁུངས་དེད་ཚེ། ང་ཚོ་འདི་གའི་ལྷ་མོ་ནི་འབྱུང་སྔ་བའི་གྲས་ཤིག་ཏུ་བརྩི་ཆོག”ཅེས་བཀྲ་ཤིས་ཆོས་རྟེན་སྡེ་ཁུལ་གྱི་ཀྲུའུ་རེན་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་བཀྲ་ཤིས་ཆོས་རྟེན་ལ“བོད་ཀྱི་ལྷ་མོའི་གྲོང་ཚོ་དང་པོ”ཞེས་པའི་མིང་ཐོབ་ཡོད་ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། བཀྲ་ཤིས་ཆོས་རྟེན་སྡེ་ཁུལ་གྱིས“ལྷ་མོ་དང་དམངས་སྲོལ་གནས་ཚང་ཟུང་འབྲེལ”གྱི་བྱེད་སྟངས་ལ་བརྟེན་ནས་གནའ་བོའི་སྒྱུ་རྩལ་དེ་ཉིད་འཚོ་བའི་ཁྲོད་མི་ཉམས་གོང་འཕེལ་ཡོང་བར་བྱས་ཡོད།

    མུ་མཐུད་ལྷོ་ཕྱོགས་སུ་བསྐྱོད་དེ་ས་བབ་སྨི་5000ཙམ་ཟིན་པའི་རི་ལ་བརྒྱབ་རྗེས་ཧི་མ་ལ་ཡའི་རི་བོའི་ལྷོ་ཕྱོགས་སུ་་གནས་པའི་ཡུལ་སྨད་དུ་འབྱོར། དེ་གར་ཆར་ཆུ་འབེལ་བ་དང་། གདོད་མའི་ནགས་ཚལ་སྟུག་པས་ཉི་མ་མཐོང་དཀའ་ལ། གནམ་ལ་ཟུག་འདྲའི་ལྗོན་ཤིང་ཀྲོང་ངེར་སྐྱེས་པ་དང་ཆུ་བོ་ཤག་ཤག་ཏུ་འབབ་པས་ས་མཐོའི་ཡུལ་གཞན་དང་གཏན་ནས་མི་འདྲ་བ་ཞིག་ཡོད། སྔོན་ཆད་ཡུལ་སྨད་དེ་གངས་ཆེན་པོས་རི་ལམ་བཀག་ནས་ཕྱི་ཕྱོགས་དང་འབྲེལ་བ་ཆད་ལ། སྐབས་ཤིག་རིང་དེ་གར་སྡོད་མཁན་སངས་རྒྱས་ཆོས་པའི་ཁྱིམ་གྱི་ནང་མི་གསུམ་གྱིས་རྒྱལ་ཁབ་ཀྱི་ས་ཆ་སྤྱི་ལེ་ངོས་གྲུ་3644བསྲུངས་ནས་སྡོད་སྟབས“མི་གསུམ་ཤང”ཞེས་འབོད་ཀྱི་ཡོད།

    ད་ཆ་ཡུལ་སྨད་དུ་སྣུམ་ནག་ལམ་སྒོ་ཁར་བཏིང་ཡོད་ལ་གྲལ་སྟར་འགྲིག་པའི་སྡོད་ཁང་གསར་པ་ཡང་བརྒྱབ་པ་མ་ཟད། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་5ཙམ་ཟིན་གྱི་ཡོད། ལྷུན་རྩེ་རྫོང་གི་རྫོང་དཔོན་པ་སངས་ཚེ་རིང་གིས“ཡུལ་སྨད་འདི་ཉིད་མིང་དོན་མཚུངས་པའི་འབྱོར་ཕྱུག་ཤང་དུ་གྱུར་ཡོད”ཅེས་བཤད།

    ས་རིམ་གྱིས་རུབ་པ་ན། ཡར་ཀླུང་གཙང་འགྲམ་ནས་སྙན་འཇེབས་ལྡན་པའི་སྒོར་གཞས་ཀྱི་སྒྲ་དལ་གྱིས་གྲགས་འོང་བ་དང་། ས་མཐོའི་བུ་ཕྲུག་གིས་འགྱུར་ཁུག་དང་བསྟུན་ཏེ་གར་གྱི་སྟངས་སྟབས་སྒྱུར་ཅིང་། ཞིང་ལ་སྔ་བ་ནས་དམངས་གཙོའི་བཅོས་སྒྱུར་བར་དང་། ལྷ་མོའི་རྒྱུན་འཛིན་ནས་ཡུལ་སྨད་ཀྱི་མཐའ་མཚམས་སྲུང་བའི་བར། ས་གཞི་འདིར་སྐྱེ་སྟོབས་ཀྱི་དཔལ་མུ་མཐུད་འབར་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།