དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་སྤྱི་བདེས་བྱ་སྤྱོད་སྤེལ་ནས་དམའ་དབྱིངས་བདེ་འཇགས་སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-11

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་བདེ་སྲུང་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་དུ་མཁའ་ཐོག་ནས་པར་ལེན་དང་ཞིང་ནགས་ལས་སྒྲུབ་སོགས་ཁྱབ་ཁོངས་སུ་མི་མེད་གནམ་གྲུ་རྒྱ་ཁྱབ་ངང་སྤྱོད་པ་དང་སྦྲགས་ལག་ཁྱེར་མེད་པར་གཏོང་བའི་སྣང་ཚུལ་ཡང་ཡང་ཐོན་ནས་སྤྱི་པའི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས་ཡོད། 2026ལོ་ནས་བཟུང་། མཚོ་སྔོན་སྤྱི་བདེས་རང་འགུལ་ངང“བར་སྣང་གཙང་བཟོའི”བྱ་སྤྱོད་སྤེལ་ཏེ་མི་མེད་གནམ་གྲུ་སྒྲིག་འགལ་ངང་གཏོང་བར་ཞིབ་བཤེར་ནན་པོ་བྱས་པ་དང་། དམའ་དབྱིངས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་དམའ་དབྱིངས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་གཡས་གཞོགས་གཡོན་འདེགས་བྱས་ཡོད།

    ལག་ཁྱེར་མེད་པར་མི་མེད་གནམ་གྲུ་གཏོང་བ་དེ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་ཅིང་། བར་སྣང་གི་སྒྲིག་ལམ་ཟང་ཟིང་བཟོ་བ་མ་ཟད་བདེ་འཇགས་ལས་འཛོལ་ཐོན་སླ་པོ་ཡོད། ད་ལོ་ཚུན་དུ་མཚོ་སྔོན་གྱི་ས་ཆ་མང་པོ་ཞིག་གིས་སྒྲིག་འགལ་གྱོད་གཞི་གཅིག་རྗེས་གཉིས་མཐུད་ངང་ཞིབ་བཤེར་ཐག་གཅོད་བྱས་པ་སྟེ། མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གི་ཀྲུའུ་ཆེ་གེ་མོས་མིང་ངོ་མ་ཐོ་འགོད་བྱས་མེད་པའི་མི་མེད་གནམ་གྲུ་བཀག་སྡོམ་མཁའ་ཁོངས་སུ་བཏང་བས་དངུལ་ཆད་སྒོར་200བཅད་པ་དེ་ནི་རྫོང་དེའི་ལག་ཁྱེར་མེད་པར་མི་མེད་གནམ་གྲུ་གཏོང་མཁན་ལ་ཆད་པ་བཅད་པའི་བརྡ་ཐོ་ཐོག་མ་དེ་ཡིན་པ་དང་། ཟླ་3པར་ཟི་ལིང་གནམ་ཐང་གི་གེགས་མེད་བར་མཐོངས་སུ་དབྱང་ཆེ་གེ་མོ་དང་། ཀན་ཆེ་གེ་མོ། ཝུའེ་ཆེ་གེ་མོ་བཅས་ཀྱིས་སྔ་རྗེས་སུ་སྒྲིག་འགལ་ངང་མི་མེད་གནམ་གྲུ་བཏང་བ་དང་འཕུར་ཚད་མཐོ་ཤོས་སྨི་182ཟིན་ཏེ་དམངས་སྤྱོད་མཁའ་འགྲུལ་གྱི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས་པས་མི་གསུམ་པོ་ཚང་མར་ཆད་པ་བཅད། མཚོ་ཤར་གྲོང་ཁྱེར་གྱི་ཆུ་བེད་ཀུང་སི་ཞིག་གི་ལས་མིས་འཕུར་སྐྱོད་མི་ཆོག་པའི་ས་མཚམས་སུ་སྙན་སེང་མ་ཞུས་པར་མི་མེད་གནམ་གྲུ་བཏང་བ་དང་གཏོང་མཁན་གཉིས་ལ་སོ་སོར་དངུལ་ཆད་སྒོར་300བཅད་པ་དང་ཀུང་སི་དེར་དངུལ་ཆད་སྒོར་500བཅད་པ་རེད། གཞན་ཡང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་མཛེས་ལྗོངས་ཁུལ་ཞིག་ཏུ་ད་དུང་ལག་ཁྱེར་མེད་པར་མི་མེད་གནམ་གྲུ་བཏང་ནས་འགྲུལ་པར་བརྡུངས་ཏེ་རྨས་སྐྱོན་ཕོག་པའི་དོན་རྐྱེན་ཐོན་ཡོད།

    སྤྱི་བདེ་ལས་ཁུངས་ཀྱིས་མིང་ངོ་མ་ཐོ་འགོད་བྱས་མེད་པ་དང་། འཕུར་སྐྱོད་སྙན་སེང་ཞུས་མེད་པ། འཕུར་སྐྱོད་བཀག་སྡོམ་ཁུལ་དུ་གཏོང་བ། འཕུར་སྐྱོད་མཐོ་ཚད་ལས་བརྒལ་བ་བཅས་ཚང་མ་གཏན་འབེབས་ལས་འགལ་བའི་ཁོངས་སུ་གཏོགས་ཤིང་། གནས་ཚུལ་ཚབས་ཆུང་རིགས་ལ་དངུལ་ཆད་གཅོད་པ་དང་བཀག་ཉར་བྱེད་པ་དང་། གནས་ཚུལ་ཚབས་ཆེ་བ་དང་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་རིགས་ཉེས་ཁྲིམས་ལས་འགལ་བས་ཉེས་དོན་འགན་འཁྲི་འཁུར་དགོས་པ་ཁ་གསལ་བཏོན་པ་རེད།

    ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། བདེ་འཇགས་ངང་འཕུར་སྐྱོད་བྱེད་པར་གོམ་སྟབས་བཞི་བློ་ལ་བརྟན་པོར་ངེས་དགོས་པ་སྟེ། སྔོན་ལ་རྒྱལ་ཁབ་ཀྱི་UOMལས་སྟེགས་སུ་མིང་ངོ་མ་ཐོ་འགོད་བྱས་ནས་ཆེད་གཏོགས་རྩ་གཉིས་ཨང་རྟཌ་སྦྱོར་དགོས་པ་དང་། དེ་ནས་ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་ངམ་ཡང་ན“མི་མེད་མཁའ་འགྲུལ་ཡོ་བྱད་ཀྱི་སྤྱི་བདེའི་དོ་དམ་ལས་སྟེགས”ཀྱི་བྱ་རིམ་ཆུང་ངུའི་ཐོག་སྤྱི་བདེའི་ཐོ་འགོད་བྱེད་དགོས། གནམ་ཐང་དང་། དམག་དོན་ཁུལ། མི་སྣ་འདུ་འཛོམས་ཁུལ་སོགས་འཕུར་སྐྱོད་མི་ཆོག་པའི་ཁུལ་བཅས་སུ་གཏོང་མི་ཆོག་པ་དང་། སྨི་120ཡན་གྱི་ཚོང་སྤྱོད་འཕུར་སྐྱོད་བྱེད་པར་སྔོན་ཚུད་ནས་རེ་ཞུ་བྱེད་དགོས། བརྒྱུད་རིམ་ཧྲིལ་པོར་གཏན་འབེབས་ལ་བརྩི་སྲུང་ཞུ་བ་དང་འཕུར་སྐྱོད་ཀྱི་བརྒྱུད་རིམ་ཧྲིལ་པོ་ཐོ་འགོད་བྱེད་དགོས་པ་བཅས་རེད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།