གྲོང་སྡོད་སྦྲང་ཆར་ཟིལ་མས་དམངས་སེམས་ཞིང་ས་བརླན།
—— མཚོ་ཆེན་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པས་ཉིན་བརྒྱའི་རིང་དུད་ཚང་དུ་སྐྱོད་པའི་འགག་སྒྲོལ་བྱ་སྤྱོད་ཏན་ཏིག་སྤེལ་བ།

འདི་ནི་གྲོང་སྡོད་ལས་དོན་རུ་ཁག་གིས་འབྲོག་ཁུལ་དུ་ཟབ་བསྐྱོད་བྱས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་གནད། སེམས་ཁྲལ། རེ་སྒུག་བཅས་ཤེས་རྟོགས་བྱེད་བཞིན་པ།
མངའ་རིས་ས་མཐོར་དཔྱིད་ཀྱི་དྲོད་རླུང་ལྡང་ཞིང་རྩྭ་ཐང་ཁྱོན་ལ་གཤམ་སྐྱོད་ཀྱི་བྲེལ་བ་ཆེ།
མཚོ་ཆེན་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པས་ལས་དོན་སྤེལ་ཚུན། རྫོང་ཡོངས་ཀྱི་རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་གནད། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ནས་ཉིན་བརྒྱའི་རིང་དུད་ཚང་དུ་སྐྱོད་པའི་འགག་སྒྲོལ་བྱ་སྤྱོད་དམ་འཛིན་བྱ་གཞིར་བྱས་ཏེ། “གྲོང་ཚོ(སྡེ་ཁུལ)མཉམ་གྲོས་དང་རྫོང་ཐད་གཏོགས་སྡེ་ཚན་མཉམ་འབྲེལ”ཟུང་འབྲེལ་གྱི་ཕྱོགས་གཉིས་མཉམ་འགུལ་གྱི་ལམ་སྲོལ་གསར་གཏོད་དང་ཁྱབ་གདལ་བཏང་བ་དང་། དམངས་འཚོའི་རེ་ཞུ“འཚོལ་བསྡུ—གྲོས་མོལ—སྒྲུབ་གཉེར—ཐག་གཅོད—འཚམས་་ལན”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་གདུབ་ཟུམ་དོ་དམ་མ་ལག་བཏོད་ཡོད། མཐིལ་རྟོགས་འཚམས་འདྲི་དང་། ཕྱོགས་མང་མཉམ་འགུལ་གྲོས་མོལ། གནད་སྨིན་ཇུས་འདོན་བཅས་བྱས་ཤིང་། རིམ་རྩིས་བརྒྱབ་ན་རིགས་ཁག་གི་དམངས་འཚོའི་དཀའ་གནད་ཁག་35ཐག་གཅོད་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་དེ་མཚོ་ཆེན་གྱི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཐོག་མངོན་འགྱུར་བྱས་ཡོད།
“འཐུང་ཆུའི་ཐད་བློ་བདེ་པོ་འདུག་གམ། རྩྭ་རའི་རྩོད་གཞི་ད་དུང་ཡོད་དམ། སྐྱས་སྤོས་འགྲོ་ལམ་བདེ་པོ་འདུག་གམ”ཉིན་བརྒྱའི་འགག་སྒྲོལ་རིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས“གྲོང་ཚོའི་ཚོགས་ཆུང་གཅིག་ཀྱང་མི་ལུས་པ་དང་། ཚོགས་ཆུང་གི་དུད་ཚང་གཅིག་ཀྱང་མི་ལུས་པ། དུད་ཚང་གི་མི་གཅིག་ཀྱང་མི་ལུས་པ”བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། དཀའ་ངལ་ཁྱད་བསད་ཀྱིས་རྩྭ་ཐང་དང་ལུང་ཤུར་དུ་བསྐྱོད་ནས་གྲོང་ཚོ(སྡེ་ཁུལ)22ཀྱི་མང་ཚོགས་དུད་ཚང་515ལ་འཚམས་འདྲི་བྱས་ཡོད། དབུལ་སྒྲོལ་དུད་ཚང་དང་ལྟ་ཞིབ་ཚད་ལེན་དུད་ཚང་ནས་མི་ཧྲེང་རྒན་རྒོན་དང་དབང་པོ་སྐྱོན་ཅན་བར། རུ་མི་ཚོས་གྲོང་མིའི་ཁྱིམ་དུ་གྲོང་མི་དང་ཅི་འཕྲོས་མོལ་འཕྲོས་བྱས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་རེ་རེ་བཞིན་ཟིན་ཐོར་བཀོད་པ་དང་སེམས་ནང་བཞག་ནས། སྡོད་ཁང་དང་། འཐུང་ཆུ། འགྲོ་ལམ། ལས་ཞུགས། འགལ་ཟླ་དང་རྩོད་གཞི་སོགས་ཀྱི་དོན་གནད་ཁག་195མཐིལ་རྟོགས་གྲལ་བཤེར་བྱས་པ་དང་། ཁྱབ་ཁོངས་ལས་བརྒལ་བ་དང་སྡེ་ཚན་ལས་བརྒལ་བའི་དཀའ་གནད་ཁག་11གསེད་བཀྲོལ་བྱས་ཡོད།
གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དབུལ་སྒྲོལ་དུད་ཚང་དང་ལྟ་ཞིབ་ཚད་ལེན་དུད་ཚང་གི་འབབ་འཕར་དཀའ་གནད་ལ་དམིགས་ནས་ངལ་ནུས་ཕྱིར་གཏོང་གི་ཐབས་ལམ་རྒྱ་ཆེར་བཏང་སྟེ་དུས་ཐེངས་23དབྱེ་ནས་མི་ཐེངས་199ལ་རྩལ་ནུས་གསོ་སྦྱོང་བྱས་པ་དང་མི་133ཐག་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད། 2025ལོར་རྫོང་ཡོངས་ཀྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་1200ལྷག་ཙམ་བྱུང་བ་དེ་དུས་མཚུངས་ལས་23%འཕར་ཡོད། ཁེར་སྡོད་རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིར་རྒྱུན་རྣམ་ཅན་གྱི་བདེ་ཐང་བཅར་འདྲི་དང་། བདེ་འཇགས་གྲལ་བཤེར། འཚོ་བའི་རོགས་སྐྱོར་བཅས་བྱས་ནས་དཀའ་ངལ་དངོས་ཁག་100ལྷག་ཙམ་ཐག་གཅོད་བྱས་པ་རེད། དེ་དང་ཆབས་ཅིག་རྩྭ་རའི་རྩོད་གཞི་དང་ཁྱིམ་མཚེས་དབར་གྱི་འགལ་ཟླ་ཁག་92བསལ་ནས“དོན་ཆུང་གྲོང་ཚོ་ནས་ཐག་གཅོད་དང་། དོན་ཆེན་ཤང་ནས་ཐག་གཅོད། འགལ་ཟླ་གོང་ཞུ་མི་བྱེད་པ”བཅས་ཐུབ་པར་བྱས་ཡོད།
ཉིན་བརྒྱའི་འགག་སྒྲོལ་ལས་ཐོག་མའི་བསམ་འདུན་མངོན་ཞིང་། མཚོ་ཆེན་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པས་ལམ་སྲོལ་ལ་བརྟེན་ནས་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་དང་། དངོས་སྒྲུབ་ལ་བརྟེན་ནས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ། རྐང་རྗེས་རེ་རེ་དང་དོན་དངོས་རེ་རེར་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་ཆེན་གསར་པ་འཛུགས་སྐྲུན་བྱེད་པར་དམངས་འཚོའི་དྲོ་སྐྱིད་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པ་བསྣན་ཡོད།
འབྲེལ་ཡོད་གསར་འགྱུར།