དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡར་ཀླུང་གཙང་པོའི་ལྗང་མདོག་སྒར་སའི་སྐྱེ་ཁམས་ཚན་རིག་ཁྱབ་གདལ་གྱི་ལག་ལེན་དངོས་ཀྱི་བྱེད་སྒོ་ལྷ་སར་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-11

    འདི་ནི་ཆེད་ལས་འཆད་ཁྲིད་དགེ་རྒན་གྱིས་གྲོགས་པོ་ཆུང་ཆུང་ཚོར་དམར་ཕྱིའི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ཀྱི་ལས་ཀའི་རྩ་བའི་རིགས་པ་དང་ཕྱི་རོལ་པར་ལེན་གྱི་ཐབས་རྩལ་སྐོར་ལ་འགྲེལ་བཤད་རྒྱག་བཞིན་པ།

    འདི་ནི“ཧི་མ་ལ་ཡའི་སྲོག་ཆགས་ཀྱི་གྲོགས་པོ”ཚོགས་པའི་རང་བྱུང་སློབ་གསོའི་དགེ་རྒན་གྱིས་གྲོགས་པོ་ཆུང་ཆུང་ཚོར་རང་བྱུང་ཁམས་ཉམས་ལེན་གྱི་སློབ་ཚན་ཁྲིད་བཞིན་པ།

    ཉེ་ཆར། ཡར་ཀླུང་གཙང་པོའི་ལྗང་མདོག་སྒར་སའི་སྐྱེ་ཁམས་ཚན་རིག་ཁྱབ་གདལ་གྱི་ལག་ལེན་དངོས་ཀྱི་བྱེད་སྒོ་ལྷ་ས་སྐྱིད་ཆུའི་འབབ་རྒྱུད་ཀྱི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་གཙང་འགྲམ་སྤྱི་གླིང་དུ་སྤེལ་ཞིང་། ནང་སོག་དང་བོད་ཀྱི་གྲོགས་པོ་ཆུང་ཆུང་11དང་གཙོ་སྐྱོང་བ་མཉམ་འཛོམས་ཀྱིས་ལག་ལེན་ཞིབ་སློབ་གི་རྣམ་པ་བརྒྱུད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་ཏེ། ཐག་ཉེ་ས་ནས་ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་གི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱས་པ་རེད།

    བྱེད་སྒོའི་རིང་ཡར་ཀླུང་གཙང་པོའི་ཆུ་ལག་ལྷ་ས་སྐྱིད་ཆུའི་ཆུ་འགོ་སྲུང་སྐྱོང་དང་འདམ་རའི་བྱ་རིགས་སྲུང་སྐྱོང་གི་ལྟེ་བ་ཆེན་པོ་གཉིས་ལ་དམིགས་པ་དང་། ནང་སོག་རྩྭ་ཐང་གི་སྐྱེ་ཁམས་དང་ས་མཐོའི་གཙང་པོ་དང་། ཆུ་བོ། འདམ་ར་བཅས་ཀྱི་སྐྱེ་ཁམས་ཀྱི་ཁྱད་ཆོས་མཉམ་འདྲེས་བྱས་ནས། ས་ཁོངས་བརྒལ་བ་དང་མི་རིགས་མི་འདྲ་བའི་རང་བྱུང་ཚན་རིག་ཁྱབ་གདལ་གྱི་ལག་ལེན་དངོས་ཀྱི་སློབ་ཁང་ཞིག་བཏོད་དེ། ཉམས་ལེན་དང་ལག་ལེན་བྱེད་རིང་གཞོན་ནུ་ལོ་ཆུང་ཚོའི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

    ས་གནས་ས་ཐོག་ཏུ་ཉམས་ལེན་བྱེད་པའི་ལྷུ་ཚིགས་སུ། “ཧི་མ་ལ་ཡའི་སྲོག་ཆགས་ཀྱི་གྲོགས་པོ”ཚོགས་པའི་ཆེད་ལས་འཆད་ཁྲིད་དགེ་རྒན་གྱིས་ཕྲུ་གུ་ཚོར་དམར་ཕྱིའི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྒྲིག་སྦྱོར་བྱེད་སྟངས་སློབ་པ་དང་། སྒྲིག་ཆས་ཀྱི་ལས་ཀའི་རྩ་བའི་རིགས་པ་དང་ཕྱི་རོལ་ཁོར་ཡུག་པར་ལེན་གྱི་ལག་རྩལ་འགྲེལ་བཤད་བརྒྱབ་ཏེ། ཚང་མར་བརྙན་པར་ལ་བརྟེན་ནས་ས་མཐོའི་སྐྱེ་ཁམས་ཟིན་ཐོར་འགོད་པའི་ཁྲིད་སྟོན་བྱས་པ་རེད། རང་བྱུང་སློབ་གསོའི་དགེ་རྒན་གྱི་སྣེ་ཁྲིད་འོག་ཕྲུ་གུ་ཚོས་ཐག་ཉེ་སར་བྱ་རིགས་ལ་ལྟ་ཞིབ་དང་། རི་སྐྱེས་རྩི་ཤིང་ངོས་འཛིན། ལོ་བརྒྱའི་གནའ་བོའི་སྡོང་རྒན་ལ་ལྟ་བ་བཅས་བྱས་པ་མ་ཟད། ཕ་ཡུལ་གྱི་སྐྱེ་ཁམས་གཏམ་རྒྱུད་ཕན་ཚུན་མཉམ་སྤྱོད་ཀྱང་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ནི་2026ལོའི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི“དྲུག་གཅིག”གི་དམིགས་བསལ་ལེ་ཚན《ང་ཚོ་མཉམ་དུ་ཡོད》(སྐབས་བཅུ་དྲུག་པ)ཞེས་པའི་ལྷན་སྦྱར་སྐྱེ་ཁམས་ཚན་རིག་ཁྱབ་གདལ་གྱི་ལག་ལེན་དངོས་དང་བརྙན་འབེབས་ཤིག་རེད། ལེ་ཚན་འདི་ནི་བོད་ལྗོངས་དང་། ཉིང་ཞ། ཤིན་ཅང་། ཀོང་ཤིས། ནང་སོག་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། སྐབས་བཅོ་ལྔ་བསྟུད་མར་གཉེར་ཡོད། ད་ལོ་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་གཙོ་གཉེར་བྱས་པ་དང་། སྔོན་དཔག་བྱས་ན་2026ལོའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་ཉིན་དེར་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་སྲུང་སྐར་འཕྲིན་ལམ་དང་། རླུང་འཕྲིན་དང་སྨྱན་སྦྱོར་གསར་པའི་ལས་སྟེགས་སུ་དུས་གཅིག་ཏུ་བསྟན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།