“ལྔ་གཅིག”གུང་གསེང་རིང་གི་འཛད་སྤྱོད་ནས་ཀྲུང་གོའི་དཔལ་འབྱོར་གསར་ལ་ལེགས་པའི་ཕྱོགས་སུ་འཕེལ་ཚུལ་ལ་ལྟ་བ།
ཀྲུང་གོའི་ཕྱིར་སྐྱོད་ཀྱི་སྒུལ་ནུས་ཆེན་པོ་ལས་སྤྱི་ཚོགས་ཡོངས་སུ་ས་ཁོངས་བསྒྲལ་ནས་འགྲོ་སྐྱོད་བྱེད་མཁན་མི་ཐེངས་དུང་ཕྱུར་15ལྷག་ཙམ་ཟིན་པ་དང་། འཛད་སྤྱོད་ཁྲོམ་རར་གསོན་ཤུགས་ཀྱིས་ཁེངས་ནས། ཕྱོགས་བསྡུས་སིལ་ཚོང་ཡོང་འབབ་དུས་མཚུངས་ལས་12.4%འཕར་ཡོད།
འདས་མ་ཐག་པའི“ལྔ་གཅིག”གུང་གསེང་རིང་། ཀྲུང་གོའི་འཛད་སྤྱོད་ཁྲོམ་རར་གསར་གཏོད་དང་རིམ་སྤོར་གྱི་གསོན་ཤུགས་ཆེན་པོ་འཕེལ་ཡོད། མཁོ་སྤྲོད་ཕྱོགས་གཉིས་མཉམ་དུ་འཕར་བ་ལས་ཀྲུང་གོའི་དཔལ་འབྱོར་གསར་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད།
ཟླ་5ཚེས་3ཉིན། སི་ཁྲོན་ཁྲེང་ཏུའུ་ཁྲུན་ཞིས་ལམ་གྱི་དྲ་ཕྱིའི་དར་སོ་ཆེ་བའི་ཉམས་ལེན་ཚོང་ཁང་དུ་མི་ཚོགས་ཀྱིས་ཁེངས་ཤིང་། ཁྲུང་ཆིང་ནས་ཡོང་བའི་ཡུལ་སྐོར་བ་ལིན་ཙི་ཝུན་གྱིས་གད་འཕྱག་འཕྲུལ་མི་ཞིག་ལ་ལྟ་བཞིན་དུ“ཐོན་རྫས་དེས་ང་ཚོའི་ལག་པར་བཅིངས་འགྲོལ་གཏོང་ཐུབ་པ་མ་ཟད། སྲོལ་རྒྱུན་གྱི་ལག་རྟགས་ལས་ཚན་རྩལ་གྱི་ཚོར་སྣང་སྤྲོད་ཤུགས་དེ་བས་ཆེ་བས། རོགས་པས་དགའ་པོ་བྱེད་ངེས་རེད”ཅེས་བརྗོད།
དར་སོ་ཆེ་བའི་ཚན་རྩལ་ཐོན་རྫས་ཚོང་ཁང་གི་འབྲེལ་ཡོད་འགན་འཁུར་བ་ཏུང་ལི་ཀྲེ་ཡིས“ལྔ་གཅིག”གུང་གསེང་རིང་། “འཛད་ཟོག་རྙིང་པ་གསར་པར་བརྗེས་ན་ཁ་གསབ་སྤྲོད་པ་དང་། ཡུལ་རྣམ་ཅན་གྱི་ཉམས་ལེན། ལག་རྟགས་གྲོང་ཕྱིར་སྐྱེལ་བའི་ཞབས་ཞུ་བཅས་ཟུང་འབྲེལ”བྱས་པར་བརྟེན། དར་སོ་ཆེ་བའི་ཚན་རྩལ་ཐོན་རྫས་ཚོང་ཁང་གི་ཕྱིར་ཚོང་ཡོང་འབབ་ན་ནིང་གི་དུས་མཚུངས་ལས་200%ཙམ་འཕར་ཡོད་ཅེས་ངོ་སྤྲོད་བྱས།
རིག་ནུས་ཐོན་རྫས་ལ་དམངས་ཀྱི་ཁས་ལེན་ཐོབ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཐའོ་པའོ་ཐེན་མའོ་ཡི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་5ཚེས་1ནས་ཚེས་6ཉིན་བར། མི་ཐབས་རིག་ནུས་མིག་ཤེལ་གྱིས་གཙོས་པའི་XR(རྒྱ་སྐྱེད་དངོས་ཡོད)སྒྲིག་ཆས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་400%དང་། མི་ཐབས་རིག་ནུས་འཕྲུལ་མི་དུས་མཚུངས་ལས་100% ལུས་རྩལ་ཐད་སྤྱོད་པའི་པར་ཆས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་400% འཁྱེར་བདེ་བའི་སྒུལ་བདེའི་གློག་ཁུངས་ཧྲིལ་པོ་དུས་མཚུངས་ལས་70%བཅས་སོ་སོར་འཕར་ཡོད་པ་རེད།
རིག་ནུས་ཁྱིམ་སྤྱོད་གློག་ཆས་དང་། རྩེར་སོན་གྲངས་འཛིན། ནུས་རྒྱུ་གསར་པའི་རླངས་འཁོར། ལྗང་མདོག་ཁྱིམ་ཆས་སོགས་ཀྱི་ཐོན་རྫས་རྩེར་སོན་མང་པོ་གཙོ་གནད་གྲོང་ཁྱེར་ནས་རྫོང་ཁོངས་ཀྱི་གྲོང་རྡལ་ཆུང་ངུར་ཁྱབ་སྟེ་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་ལ། བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་ལ་ཚད་བརྒལ་དང་། འཛད་ཟོག་གི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར། མཁོ་སྤྲོད་ཕྱོགས་གཉིས་ལ་ཆུ་ཚད་དེ་བས་མཐོ་བའི་འཁོར་རྒྱུག་བཟང་པོ་བྱུང་ཡོད།
“འགྲན་བསྡུར་ལ་ཞུགས་ཞོར་ཡུལ་སྐོར་བྱེད་པ”དེ་ནི་གུང་གསེང་རིང་ཕྱིར་སྐྱོད་པའི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཏེ། ལུས་རྩལ་ཐད་ཀྱི་འཛད་སྤྱོད་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། “ལྔ་གཅིག”གུང་གསེང་རིང་། ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་འདས་མཉམ་འབྲེལ་འགྲན་བསྡུར་དང“ཅང་སུའུ་ཡི་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་རིམ་འདས་མཉམ་འབྲེལ་འགྲན་བསྡུར”གཉིས་མཚོན་བྱེད་དུ་བྱས་པའི་ལུས་རྩལ་འགྲན་བསྡུར་བྱེད་སྒོས་འགྲོ་འདོད་ལངས་པའི་ཕྱིར་སྐྱོད་འཛད་སྤྱོད་ཀྱི་ཚ་རླབས་འཕྱུར་བར་སྐུལ་ཁྲིད་ཐུབ་ཅིང་། འགྲན་བསྡུར་བྱེད་སྒོས་ཞག་སྡོད་ཙམ་མིན་པར་ས་གནས་ཀྱི་བཟའ་བཏུང་དང་མཐའ་འཁོར་མཛེས་ལྗོངས་ཁུལ་གྱི་འཛད་སྤྱོད་ལའང་སྐུལ་ཁྲིད་ཐུབ་ཡོད།
“ལྔ་གཅིག”གུང་གསེང་རིང་། ས་གནས་མང་པོས་རང་ཡུལ་གྱི་རིག་གནས་དང་དེང་རབས་ཀྱི་དར་སྲོལ་གཉིས་མཉམ་འདྲེས་བྱས་ཐོག ས་མཚམས་སྒྲོལ་བའི་མཉམ་འདྲེས་དང་ལས་རྣམ་བསྐྱར་སྒྲིག་བྱས་ཏེ། ཚོང་ལས་དང་། ཡུལ་སྐོར། རིག་གནས། ལུས་རྩལ། འཕྲོད་བསྟེན་བཅས་མཉམ་འདྲེས་ཀྱི་འཛད་སྤྱོད་རྣམ་པ་གསར་པ་ཞིག་བཏོད་དེ། འཛད་སྤྱོད་པ“བྲེལ་འཚུབ་ངང་འགྲོ་མཁན”ནས“ཉམས་ལེན་ཟབ་མོ་བྱེད་མཁན”ཞིག་ཏུ་འགྱུར་བར་བྱས་ཡོད།
ཐེན་ཅིན་དབྱང་ལིའུ་ཆིང་གནའ་གྲོང་གི་མིས་བཟོས་གཙང་པོའི་ཁྲ་ཆིལ་ཆིལ་གྱི་གློག་སྒྲོན་དང་དབྱིངས་ཞུགས་རྣམ་པའི་འཁྲབ་སྟོན་ལས་ཡུལ་སྐོར་བ་རྣམས་མཛེས་ལྗོངས་དང་འཁྲབ་སྟོན་གཉིས་ཀར་དབྱིངས་ཞུགས་ཐུབ་པ་བྱུང་བ་དང་། ཧྲན་ཏུང་ཝུའེ་ཧའེ་རུ་བྱེ་ཐང་དུ་སྒར་བརྒྱབ་ནས་སྡོད་པ་དང་གྲམ་ཐང་ནས་རྒྱ་མཚོར་ལྟ་ཆོག་པ་བཅས་ལས་མི་རྣམས་ལ་སྤྲོ་སྣང་ལྡན་པའི“བག་ཕེབས་ཀྱི་འཚོ་བ”ཞིག་སྐྱེལ་རྒྱུ་བྱུང་བ། ཀྲེ་ཅང་ཧང་ཀྲོའུ་ཐུང་ལུའུ་ཞབས་ཞུ་ཁུལ་དེ“མེ་ཏོག་ལྡུམ་རའི་ཚོང་ར”ཞིག་ཏུ་གྱུར་བ་བཅས་རེད། ཁྱུག་དབྱིངས་འཚོ་བའི་ཞབས་ཞུའི་གྲངས་གཞི་ལས་མངོན་པར་གཞིགས་ན། གུང་གསེང་རིང་། མཚན་ཁྲོམ་དང་། ཁྱུག་དབྱིངས་ནས་ཚོགས་པས་མངགས་ཉོ་བྱས་པའི་རང་འདེམས་ཆོག་པའི་མཚན་ཟས་དང་བསྲེགས་ཟས་བཅས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་59%དང་། 57% 46%བཅས་སོ་སོར་འཕར་ཡོད་པ་རེད།
“ལྔ་གཅིག”གུང་གསེང་རིང་། ཐོན་རྫས་རིམ་འཇུག་ནས་ཞབས་ཞུ་རིམ་སྤོར་དང་། དེ་ནས་ཡུལ་རྣམ་གསར་གཏོད་བར་གྱི་འཛད་སྤྱོད་བྱེད་སྟངས་གསར་པ་ནི་ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད། ནང་མཁོ་རྒྱ་ཆེར་གཏོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་སྲིད་ཇུས་ཁག་ལག་ལེན་གཏིང་ཟབ་བསྟར་བ་དང་བསྟུན་ནས། འཛད་སྤྱོད་ཀྱི་གཏིང་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་། ཀྲུང་གོའི་ཕྱིར་སྐྱོད་ཀྱི་སྒུལ་ནུས་ཆེན་པོ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་དེ་བས་ཤུགས་ཆེན་འཕེལ་ཏེ། ཀྲུང་གོའི་དཔལ་འབྱོར་གསར་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་ཞིག་རྩོམ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།