དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གིས“ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ“གཅིག་གྱུར་འཆར་འགོད་དང་རང་ སྐྲུན”གྱི་བྱེད་སྟངས་ལ་བརྟེན་ནས་ས་མཐོའི་གྲོང་གསེབ་ཀྱི་ཁང་པ་སྒྱུར་བཀོད་ཀྱི་གསོན་ཉམས་དོད་པའི་མ་དཔེ་བཏོད་པ།

    སྡོད་ཁང་ལ་སེམས་ཁྲལ་བྱེད་པ་ནས་སྡོད་ཁང་ཡག་པོར་སྡོད་པའི་བར་གྱི་འགྱུར་ལྡོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-10

    འདི་ནི་གསར་སྐྲུན་བྱས་པའི་སྣང་རྫོང་གྲོང་མདའ་གྲོང་རྡལ་བྱ་བཤད་གྲོང་ཚོ་ཡིན་པ།

    ཉིང་ཁྲི་གྲོང་ཁྱེར་ནས་ཐོན་ཏེ་རྒྱལ་ལམ་560བརྒྱུད་སྣང་རྫོང་ཕྱོགས་སུ་སྐྱོད་སྐབས་མུ་ལ་མུ་ཁྱུད་ཀྱི་རི་ཚོགས་དང་། གཞུང་ལམ། ལུང་གཞུང་བརྒྱུད་དུ་ཁྲ་ཆིལ་ལེར་བཞད་པའི་ཁམ་བུའི་མེ་ཏོག་ཁྲོད་ནས་བོད་བཟོའི་སྡོད་ཁང་སྟར་པ་རེ་རེ་བཞིན་འདྲེན་བྱེད་ལམ་དུ་མངོན་བཞིན་ཡོད་པས་གསར་འགོད་པའི་མིག་དབང་རབ་ཏུ་འཕྲོག

    གྲོང་མདའ་གྲོང་རྡལ་བྱ་བཤད་གྲོང་ཚོའི་དཔའ་བློའི་ཁྱིམ་དུ་སྐྱོད་སྐབས། མིག་ལམ་དུ་མངོན་འོང་བ་ནི་རྒྱ་ཆེ་ལ་ཉམས་དོད་པའི་ཚོམས་ཆེན་དུ་པང་གཅལ་འོད་ཐིང་ཐིང་དང་མཛེས་བཟོ་སྤུས་ཀ་དག་ཅིང་། ཁང་པ་རི་འདབས་སུ་བསྐྲུན་པས། ས་དབྱིབས་ཀྱི་མཐོ་དམན་ཁྱད་ཆོས་ལ་བྱེད་ནུས་ཁུལ་མང་པོ་ཞིག་གྲུབ་པ་དེ་རེད།

    “ངས་འཆར་གཞི་བཀོད་པ་དང་ཁང་པ་རྙིང་པ་གནས་སར་གསར་སྐྲུན་བྱས་པ་ཞིག་ཡིན། 2024ལོའི་ཟླ་4པར་ལས་འགོ་བཙུགས་པ་དང་ན་ནིང་བོད་ཀྱི་ལོ་གསར་གོང་སྤོས་པ་ཡིན།

    ནང་མི་ལྔ་པོར་ཁ་གསབ་དངུལ་སྒོར་ཁྲི་15རག་པའི་ཁར་རང་ཉིད་ཀྱིས་སྒོར་ཁྲི་30ལྷག་ཙམ་གྲབས་གསོག་བྱས་ནས་ལས་ཀ་དང་རྒྱུ་ཆ་ཚང་མ་འགན་གཙང་བཏང་སྟེ་ཁང་པ་དེ་བརྒྱབ་པ་ཡིན། གང་འདྲ་འདུག་གམ”ཞེས་དཔའ་བློའི་ཤ་རྩི་ནག་པའི་ངོ་གདོང་ལས་འཛུམ་མདངས་འཕྱུར་བཞིན་བཤད།

    དཔའ་བློའི་ཁྱིམ་གྱི་ཁང་གསར་ནི་སྣང་རྫོང་གིས་ཡུལ་བབ་དང་བསྟུན་ནས“ཁང་པ་གསར་པ”རྒྱག་པར་སྐུལ་འདེད་གཏོང་བའི་བསྡུས་རིས་ཤིག་རེད།

    2022ལོ་ནས་བཟུང་། རྫོང་དེས“ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ཏེ་ཚོད་ལྟའི་འཛུགས་སྐྲུན་ནས་རྫོང་ཡོངས་སུ་ཁྱབ་གདལ་བཏང་བའི་བར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་2.25བཏང་བར་ཤང་གྲོང་6གི་དུད་ཚང་1029ཡི་མི་4246ལ་ཕན་པ་བཏགས་ནས“ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་དང་། སྲིད་གཞུང་གིས་མཛུབ་ཁྲིད། མང་ཚོགས་ཞུགས་པ། ཁ་གསབ་འོས་འཚམ། གཅིག་གྱུར་འཆར་འགོད་དང་རང་སྐྲུན”བཅས་ཀྱི་གྲོང་གསེབ་ཀྱི་ཁང་པ་སྒྱུར་བཀོད་ཀྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་པ་རེད།

    འགག་སྒྲོལ། མང་ཚོགས་རྩ་བར་འཛིན་པའི་སྡོད་ཁང་གི“གསར་བརྗེ”ཞིག

    སྣང་རྫོང་འདི་ཉིད་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་རི་མཐོའི་གྲོག་རོང་ཁུལ་དུ་གནས་པ་དང་སྲོལ་རྒྱུན་གྱི་གྲོང་གསེབ་ཀྱི་ཁང་པ་ཕལ་ཆེ་བ་རྡོ་ཤིང་ལས་གྲུབ་ནས་ཉེན་འགོག་རིམ་པ་དམའ་བ་དང་། ཆར་ཆུ་མི་འཚོག་ལ་སེར་ག་མང་བ། ནུས་པ་ཞན་པ། མི་ཕྱུགས་ལོགས་དབྱེ་རྦད་དེ་མིན་པ་སོགས་ཀྱི་གནས་ཚུལ་ཡོངས་ཁྱབ་ཏུ་ཡོད་པ་ནི་མང་ཚོགས་ཀྱིས་ཤོད་མང་བ་དང་ཡུལ་དེའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་དམངས་འཚོའི་གནད་དོན་ཞིག་རེད།

    2022ལོར་བརྟག་ཞིབ་བཅར་འདྲི་དང་ཐབས་ཇུབ་གཟབ་ནན་བཀོད་པ་བརྒྱུད་སྣང་རྫོང་གིས“ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ཏེ། གྲོང་གསེབ་ཀྱི་ཁང་པ་སྒྱུར་བཀོད་གཙོ་བཟུང་བྱས་ནས་ལས་འགན་གཙང་ལེན་དང་གཅིག་དཔེ་བརྒྱ་འགེབས་མི་བྱེད་པར་ཡུལ་བབ་དང་བསྟུན་པ་དང་དུད་ཚང་རེར་ཐབས་ཇུས་རེ་བཟོས་ནས“གཅིག་གྱུར་འཆར་འགོད་དང་རང་སྐྲུན”བྱེད་སྟངས་འཚོལ་ཞིབ་དང་ལག་ལེན་བསྟར་བ་རེད།

    གང་འདྲ་ཞིག་ལ“གཅིག་གྱུར་འཆར་འགོད་དང་རང་སྐྲུན”ཟེར་རམ།

    “གཅིག་གྱུར་འཆར་འགོད”ཅེས་པ་ནི་རྫོང་རིམ་པས་གཅིག་འདོམས་དང་། ཤང་རིམ་པས་གཅིག་གྱུར་ཐེ་ཇུས། གྲོང་ཚོ་དང་གྲོང་ལྷན་གྱིས་དོན་འཁྱོལ་བཅས་བྱས་ནས་གཅིག་གྱུར་འཆར་འགོད་དང་། གཅིག་གྱུར་ཚད་འཛིན། གཅིག་གྱུར་ལྟ་འདོམས་བཅས་བྱེད་པ་དང་། “རང་སྐྲུན”ཞེས་པ་ནི་ཁང་དབྱིབས་ཇུས་འགོད་དང་། གྲུབ་ཆ་བཀོད་སྒྲིག འཛུགས་སྐྲུན་བྱེད་སྟངས་སོགས་ཀྱི་ཐག་གཅོད་བྱེད་དབང་རྦད་དེ་མང་ཚོགས་ལ་སྤྲོད་པ་ཞིག་རེད།

    དུས་འགོར་མཐིལ་རྟོགས་དང་ཕྱོགས་བསྡུས་བསམ་གཞིག་བྱས་པ་བརྒྱུད། ཐོན་ཁུངས་བལྟོས་བཅས་ཀྱིས་དཀོན་པ་དང་མང་ཚོགས་ཀྱི་སྡོད་གནས་ཆ་རྐྱེན་དེ་བས་ལེགས་སུ་གཏོང་དགོས་པའི་གྲོང་མདའ་གྲོང་རྡལ་དེ་ཉིད“གསར་བརྗེ”དེའི་ཚོད་ལྟ་བྱ་ཡུལ་དུ་གཏན་འཁེལ་བྱས་པ་རེད།

    2023ལོར་ཁང་པ་གསར་པ་ཁག་དང་པོ་བསྐྲུན་རྗེས་མང་ཚོགས་ཚོས་ཁང་པ་རྙིང་པ་གསར་པར་འགྱུར་བ་མིག་མཐོང་ལག་ཟིན་བྱུང་ནས་ཁོང་ཚོའི་སེམས་ཁྲལ་རྦད་དེ་བསལ།

    དེ་རྗེས་དཔེ་སྟོན་ཕན་འབྲས་རིམ་བཞིན་མང་པོ་ཐོན་ཏེ་དེར་སེམས་ཤོར་བའི་མང་ཚོགས་ཀྱིས་ཁང་པ་གསར་པ་རྒྱག་པའི་འདུན་པ་གཅིག་རྗེས་གཉིས་མཐུད་ངང་ཤར་ནས། རང་འགུལ་ངང་རང་གྲོང་ཚོའི་ཁང་པ་གསར་པ་ག་དུས་རྒྱག་མིན་སྐད་ཆ་འདྲི་བ་མ་ཟད། “གཅིག་འགྱུར་འཆར་འགོད་དང་རང་སྐྲུན”གྱི་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས།

    འགྱུར་ལྡོག སྡོད་ཁང་གི“གསར་བརྗེ”དེ་དུས་དེ་ནས་བཟུང་ལོ་འཁོར་དང་ཁག་ཐེངས་ཕྱེ་ནས་སྣང་རྫོང་ཡོངས་སུ་རིམ་བཞིན་སྤེལ་འགོ་ཚུགས།

    སྡོད་ཁང་ཐད་སེམས་ཁྲལ་བྱེད་པ་ནས་སྡོད་ཁང་ཡག་པོ་ཡོད་པའི་བར་གྱི་མཆོང་སྐྱོད།

    “སྒྱུར་བཀོད་བྱས་རྗེས་ཁྱེད་ཚོའི་ཁང་པར་འགྱུར་ལྡོག་གང་དག་བྱུང་ཡོད་དམ”

    “འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད”ཅེས་གྲོང་མདའ་གྲོང་རྡལ་སྤྲོ་ཁང་གྲོང་ཚོའི་ཡུལ་མི་སྐྱིད་ལོས་ཀྱིས་གསར་འགོད་པ་བཀོད་འདོན་གསར་པ་བྱས་པའི་ཚོམས་ཆེན་ནང་ཁྲིད་ནས་ཇ་བསྲུབས་མ་ལྡུག་གིན་དེ་ལྟར་ལན་བཏབ།

    “དེ་སྔོན་རྡོ་ཤིང་ལས་གྲུབ་པ་ཤ་སྟག་ཡིན་པས་ཁང་པའི་ཐོག་ཁ་ནས་ཆུ་ཐིགས་པ་རྒྱག་པ་མ་ཟད། གདུང་མ་འབུས་བཟས་སྟབས་སེམས་ཁྲལ་ཆེན་པོ་བྱེད་དགོས་ཀྱི་ཡོད། ད་ཆ་སྒྲོམ་གཞི་བརྟན་པོ་ཡོད་པ་མ་ཟད་ཡོམ་འགོག་ཀྱང་ཐུབ་པས་བློ་བདེ་པོ་འདུག”

    “དེ་སྔོན་གསང་སྤྱོད་ཚང་མ་ཕྱིར་ཡོད་པས་དགུན་དུས་ཀྱི་མཚན་མོ་ཕྱིར་འགྲོ་བར་མཚེར་སྣང་ཆེན་པོ་སྐྱེས་ཀྱི་ཡོད། ད་ཆ་ཁང་པའི་ཕྱི་ནང་གཉིས་ཀར་གསང་སྤྱོད་ཡོད་པ་མ་ཟད། ད་དུང་ཁྲུས་གཞོང་ཡང་ཡོད་པས་སྟབས་ཧ་ཅང་བདེ་པོ་འདུག”

    སྐད་ཆ་ཚིག་ཁ་ཤས་ལས་ཁོང་གི་སྐྱིད་སྣང་ངང་གིས་མངོན།

    སྐྱིད་ལོས་ཀྱིས་གསར་འགོད་པར་ངས་མི་རབས་གསུམ་གྱི་སྡོད་ཁང་དུ་སྡོད་མྱོང་བས་གཅིག་ལས་གཅིག་ཡག་ཏུ་ཕྱིན་སོང་ཞེས་བཤད།

    སྤྲོ་ཁང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་རིན་ཆེན་གྱིས“ང་ཚོའི་གྲོང་ཚོ་ནི་གྲོང་མདའ་གྲོང་རྡལ་གྱི་ཁག་གཉིས་པའི‘གཅིག་གྱུར་འཆར་འགོད་དང་རང་སྐྲུན’གྱི་གྲོང་ཚོ་ཡིན་པ་དང་དུད་ཚང་55ཡི་མི་260ལྷག་ཙམ་དེའི་ནང་ཞུགས་ཤིང་། དུད་ཚང་གཅིག་ལ་མི་8ཡོད་པ་དེར་མང་ཤོས་ལའང་སྒོར་ཁྲི་24ཁ་གསབ་སྤྲད་ཡོད། ཁག་དང་པོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཡོད་པས་ཁག་གཉིས་པར་མང་ཚོགས་ཀྱིས་རྦད་དེ་མོས་མཐུན་བྱེད་པས་སྐུལ་སློང་བྱེད་ཧ་ཅང་བདེ་པོ་བྱུང”ཞེས་བཤད།

    “གཞན་སྐུལ་གྱིས་ཁང་པ་རྒྱག་པ”ནས“རང་འགུལ་ངང་ཁང་པ་རྒྱག་པའི”བར་དང་ཁང་པ་རྙིང་པ་ནས་བདེ་སྐྱིད་ལྡན་པའི་ཁང་པའི་བར་གྱི་ཁང་པ་སྟར་པ་རེ་རེ་བཞིན་ལས་སྣང་རྫོང་གི་གྲོང་གསེབ་སྡོད་མལ་ཁོར་ཡུག་གི་འགྱུར་ལྡོག་ཟབ་མོ་མངོན་ཐུབ།

    འོན་ཀྱང་གསར་འགོད་པས་བལྟས་ན། འགྱུར་ལྡོག་ཆེ་ཤོས་ནི་ཁང་པ་དེ་དག་མ་ཡིན་པར་མང་ཚོགས་ཀྱི་གདོང་ལས་འཕྱུར་བའི་སྐྱིད་སྣང་དང་། དུས་བསྟུན་མདུན་སྐྱོད། རང་འགུལ་ངང་འགྱུར་ལྡོག་དོན་གཉེར་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་སྙིང་སྟོབས་དེ་རེད་འདུག

    དར་རྒྱས། བདེ་སྡོད་དང་ལས་བརྩོན་གཉིས་ཕན་མཉམ་རྒྱལ་བྱུང་བ།

    ཁང་པ་ཡག་པོ་ལས་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འདུན་པ་མཚོན།

    སྣང་རྫོང་གི“གཅིག་གྱུར་འཆར་འགོད་དང་རང་སྐྲུན”ནི་ཁང་པ་སྒྱུར་བཀོད་དང་རྣམ་པར་འགྱུར་ལྡོག་བྱུང་བ་ཙམ་མ་ཡིན་པར་དེ་ནི་གྲོང་གསེབ་ཀྱི་ཁང་པ་སྒྱུར་བཀོད་དང་། མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས། གཞི་རིམ་བཅོས་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱས་ནས་མང་ཚོགས་བདེ་སྡོད་ཐུབ་པ་མ་ཟད། ལས་བརྩོན་ཡང་ཐུབ་པར་བྱ་རྒྱུ་དེ་རེད།

    སྤྲོ་ཁང་གྲོང་ཚོའི་བློ་བཟང་ཟླ་བའི་ཁྱིམ་ནས་གསར་འགོད་པས་ལྕགས་རྩིབས་བཟོ་པའི་གསོ་སྦྱོང་ལག་ཁྱེར་མང་པོ་མཐོང་བྱུང་། རྫོང་གིས་སྒྲིག་འཛུགས་བྱས་པའི་རྩལ་ནུས་གསོ་སྦྱོང་བརྒྱུད། ཁོང་གིས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་ནས། རང་ཁྱིམ་གྱི་ཁང་པ་རྒྱག་པར་དངུལ་མང་པོ་གྲོན་ཆུང་ཐུབ་པ་མ་ཟད། ད་དུང་རྫོང་ཕྱི་ནང་གི་ལས་ཡུལ་ཁག་ཏུ་ཞོར་ལས་བྱས་ནས་དངུལ་ཡང་བསགས་ཐུབ་ཡོད།

    “ཉིན་གཅིག་ལས་ཀ་བྱས་ན་ཡོང་འབབ་སྒོར་350རག་གི་འདུག”ཅེས་བློ་བཟང་ཟླ་བས་བརྗོད་པ་དང་། ལག་རྩལ་དེར་བརྟེན་ནས་ཁོང་གིས་ཁང་པ་གསར་པ་རྒྱག་ཆེད་ཀྱི་དངུལ་བསགས་ཏེ་2024ལོར་བསམ་འདུན་ལྟར་ཁང་པ་གསར་པར་སྡོད་རྒྱུ་བྱུང་ཡོད།

    གྲངས་གཞི་ལས་མངོན་པར་གཞིགས་ན། མང་ཚོགས་ཀྱིས་ལས་ཀ་དང་ངལ་རྩོལ་བྱེད་པ་དང་། དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ། སྒྲིག་འཛུགས་ཡོད་པའི་སྒོ་ནས་ལས་ཀ་བརྗེ་བ་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་། གླ་ཆ་མཐོ་དམན་ལ་མི་བལྟོས་པ་དང་ཕན་ཚུན་རོགས་རམ་བྱེད་པའི་རྣམ་པར་བརྟེན་ནས་ཁང་པ་རྒྱག་པའི་བརྒྱུད་རིམ་ཧྲིལ་པོའི་ལག་རྩལ་འགན་ལེན་བྱས་པ་བརྒྱུད། སྣང་རྫོང་གི་མང་ཚོགས་ཀྱིས་རང་བརྟེན་ལག་བསྟར་བྱས་པའི་ལས་རིམ་གྱིས་བཟུང་བའི་བསྡུར་ཚད་70%ལྷག་ཙམ་ཟིན་པ་དང་སྒྲོམ་གཞིའི་གྲུབ་ཆའི་དམངས་ཁང་གི་དངོས་ཡོད་བཟོ་སྐྲུན་རིན་གོང་སྨི་ངོས་གྲུ་རེར་སྒོར་1280བར་ཆག་པ་དེ་ས་གནས་དེ་གའི་སྨི་ངོས་གྲུ་རེར་སྒོར་2700ཡི་ཚོད་རྩིས་རིན་གོང་ལས་དམའ་བ་ཡོད་པ་དང་། མང་ཚོགས་ཀྱི་ཁང་པ་རྒྱག་པའི་མ་གནས་ཀྱང་ཧ་ཅང་དམའ་རུ་ཕྱིན་ཡོད།

    “སྡོད་སའི་ཁང་པ་ཡོད་པ”ནས“སྡོད་སའི་ཁང་པ་ཡག་པོ་ཡོད་པའི”བར་དང་། “ཁེར་རྐྱང་གི་བདེ་སྡོད”ནས“ཐོན་སྐྲུན་མཉམ་འདྲེས”བར། “གྲོང་ཚོ་བཀོད་གཙང”ནས“སྐྱེ་ཁམས་གནས་འཕྲོད”བར་སྣང་རྫོང་གིས་སྡོད་ཁང་གསར་པ་རེ་རེར་བརྟེན་ནས་ས་མཐོའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་གསལ་པོར་བསྟན་ཡོད་པ་རེད།

    གསར་འགོད་པའི་ཟིན་བཀོད།

    “ཁང་པ་ཡག་པོ”ནས“འཚོ་བ་ཡག་པོའི”བར།

    གསར་འགོད་པ་དང་བཅས་པ་སྔ་རྗེས་སུ་སྣང་རྫོང་གི་ཡུལ་མིའི་དུད་ཚང་6ཏུ་བཅར་འདྲིར་བསྐྱོད་ཅིང་། ལམ་བར་དུ་ཧང་སངས་དགོས་པའི་གནས་ཚུལ་མང་པོ་མཐོང་།

    ཡུལ་མིའི་དུད་ཚང་ཚང་མའི་ཁང་པ་གསར་པར་ཁྱད་ཆོས་ཧ་ཅང་ཆེན་པོ་ལྡན་འདུག་སྟེ། སྐར་ཁུང་དང་གཡབ་སྟེང་ཡོད་པ་དང་། མེ་ཏོག་གིས་བརྒྱན་ཞིང་མཛེས་ཆོས་རྣམ་པར་བཀྲ་བ་ཤ་སྟག་རེད་འདུག དུད་ཚང་ཚང་མ་གཙང་སྦྲ་དོད་ཅིང་། སྒྲིག་གཤོམ་གྲལ་སྟར་འགྲིག་པ། བཟོ་སྐྲུན་སྤུས་ཀ་དག་པོ་ཀྱང་ཀྱང་རེད་འདུག་ལ། ནང་ཆས་དང་ཁྱིམ་སྤྱོད་གློག་ཆས་ཀྱང་གང་དགོས་སྣ་འཛོམས་འདུག དེས་མ་ཟད་མང་ཚོགས་ཀྱི་ངོ་གདོང་ལས་འཕྱུར་བའི་ལྷག་བསམ་ཟོལ་མེད་ཀྱི་འཛུམ་མདངས་ལས་ཁོང་ཚོའི་འཚོ་བ་སྐྱིད་པོ་ཡོད་པ་ངམ་ངམ་ཤུགས་ཀྱིས་མངོན།

    “གཞན་སྐུལ་གྱིས་ཁང་པ་རྒྱག་པ”ནས“རང་འགུལ་ངང་ཁང་པ་རྒྱག་པའི”བར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ཡུལ་དེ་གའི་མང་ཚོགས་བྱེད་པོ་རང་ལ་འགྱུར་སྐབས་ཧུར་སེམས་དང་གསར་གཏོད་རང་བཞིན་རབ་ཏུ་འཕེལ་ཐུབ།

    སྡོད་ཁང་ཐད་སེམས་ཁྲལ་བྱེད་པ་ནས་སྡོད་ཁང་ཡག་པོ་ཡོད་པའི་བར་དང“བདེ་སྡོད”ནས“ལས་བརྩོན”བར། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། བྱ་བ་བཟང་པོ་ཡག་པོ་སྒྲུབ་པ་དང་མང་ཚོགས་ཀྱི་འདོད་བློ་ཁེངས་པ་བཅས་བྱུང་ཚེ། གཞི་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ། དེས་ན། གྲོང་གསེབ་དར་རྒྱས་ནི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་ཙམ་མ་ཟད། མིའི་བསམ་བློ་དེང་རབས་ཅན་དུ་འགྱུར་བ་ཞིག་དེ་བས་ཡིན་པས་ཕྱི་ནང་གཉིས་ཀའི་ལས་དོན་ཡག་པོ་སྒྲུབ་དགོས།

    ཟླ་བ་4པའི་ས་མཐོར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ད་དུང་སྣང་རྫོང་ལྟ་བུའི་གསོན་ཉམས་དོད་པའི་ལག་ལེན་དེ་བས་མང་བ་ཐོན་དང་ཐོན་བཞིན་ཡོད། “ཁང་པ་ཡག་པོ”ནས“འཚོ་བ་ཡག་པོའི”བར། བོད་ཀྱི་ཞིང་འབྲོག་པའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཡར་ངོའི་ཟླ་ལྟར་འཕེལ་ཞིང་གསོན་ཤུགས་དང་རེ་བས་ཁེངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།