དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཞི་རིམ་བཅོས་སྐྱོང་བྱ་ཐབས་གསར་གཏོད་ཀྱིས་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་བ།

    ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས་སྤྱི་ཚོགས་ལས་དོན་དཔུང་ཁག་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-10

    འདི་ནི་དོག་སྡེ་ཁྲོམ་གཞུང་དུ་གསར་དུ་བསྡུས་པའི་སྡེ་ཁུལ་གྱི་ལས་དོན་པ་དང་། གསར་དུ་བསྐོ་གཞག་བྱས་པའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་རྨང་གཞི་བརྟན་དུ་གཏོང་བར་མཐུན་རྐྱེན་སྦྱར་ཏེ་སྤྱོད་ཚུལ་ལེགས་སུ་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་བཞུགས་མོལ་ཚོགས་འདུ་འཚོག་བཞིན་པ།

    ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དུ། སྡེ་ཁུལ་གྱི་ལས་དོན་པའི“ནུས་པ་གསར་བརྗེ”བྱེད་ཐེངས་གཅིག་ལས་གཞི་རིམ་བཅོས་སྐྱོང་གི་རྣམ་པར་འགྱུར་ལྡོག་འགྲོ་བཞིན་ཡོད་དེ། “ལས་སྒོ་རྟོགས་པ”ནས“ཞབས་ཞུ་མཁས་པའི”བར་དང་། “ལས་གནས་སྲུང་བ”ནས“ཕན་འབྲས་ལེགས་པའི”བར། “ཁེར་རྐྱང་ལས་སྒྲུབ”ནས“མཐུན་སྦྱོར་འགག་སྒྲོལ”བར། དཔུང་ཁག་དེར་དུས་ཐུང་ལོ་གཅིག་ནང་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད།

    གྲངས་གཞི་ཁག་གཅིག་ལས་གྲུབ་འབྲས་གསལ་བཤད་ཐུབ་པ་སྟེ། སྤྱི་ཚོགས་ལས་དོན་པ་9ཡིས་ཆེད་ལས་ལག་ཁྱེར་བླངས་པ་དང་། མི་22གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་ནང་ཞུགས་ནས་བསྡུར་གྲངས་45%བཟུང་ལ། མི་4ཡིས་འགོ་ཁྲིད་གཙོ་བོའི་ལས་འགན་འཁུར་ཡོད། སྤྱི་ཚོགས་ལས་དོན་པ་ཞུགས་པའི“135”ཡི་དང་བླངས་ཞབས་ཞུའི་མ་ལག་རྒྱལ་ཡོངས་ཀྱི་ཕུལ་བྱུང་དཔེ་མཚོན་དུ་བདམས་པ་དང་། “ཁུ་བྱུག་དྲིལ་བསྒྲགས”དང“ཐོ་ཆུང་དུང་བརྡ”སོགས་ལ་རང་སྐྱོང་ལྗོངས་ཀྱི་དང་བླངས་ཞབས་ཞུའི་འགྲན་བསྡུར་ཆེ་མོའི་ནང་དངུལ་གྱི་བྱ་དགའ་དང་ཟངས་ཀྱི་བྱ་དགའ་ཐོབ་སྟེ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། འགག་རྩའི་དུས་སུ་ནུས་པ་ཐོན་པའི་རྐང་འཛིན་ཤེས་ལྡན་པ་ཁག་གཅིག་འབུར་དུ་ཐོན་ཡོད།

    དེ་དག་ཚང་མ་ནི་དོག་སྡེ་ཁྲོམ་གཞུང་གིས་གསར་གཏོད་བྱས་ནས་བསྐྲུན་པའི“རིགས་པའི་གཞུང་ལུགས་ཀྱིས་བླ་སྲོག་གཏོད་པ་དང་། རྩལ་ནུས་ཀྱིས་སྦྱོང་བརྡར་སྤྲོད་པ། སྤྱོད་ཚུལ་གྱིས་གཟུགས་བརྙན་བཏོད་པ། ཕུགས་ཕན་གྱིས་མཐུན་རྐྱེན་སྦྱོར་བ”བཅས་ཕྱོགས་བཞིའི་ཐད་ཀྱི་གསོ་སྐྱོང་མ་ལག་ལས་བྱུང་བ་ཞིག་རེད།

    “ཡིག་ཐོག་སྲིད་ཇུས”དེ“མང་ཚོགས་ཀྱིས་གོ་བདེའི་སྒྲོག་འགྲེལ”ལ་འགྱུར་བར་བྱས་པ།

    གཞི་རིམ་གྱི་ལས་ཀ་བྱེད་ཁག་ཤོས་དེ་གང་ཡིན་ནམ་ཞེ་ན། དེ་ནི་ཏང་གི་སྲིད་ཇུས་མང་ཚོགས་ཀྱི་སེམས་ལ་ཟུག་པ་བྱ་རྒྱུ་དེ་རེད།

    དོག་སྡེ་ཁྲོམ་གཞུང་གིས་དགེ་རྒན་གྱི་མཛོད་དང་། སློབ་ཚན་གྱི་མཛོད། གྱོད་དཔེའི་མཛོད། ལག་ལེན་རྟེན་གཞིའི་མཛོད་བཅས“མཛོད་བཞི”ཡི་ལས་སྟེགས་བཏོད་ཅིང་། སྒྲིག་བཤེར་ལྟ་ཞིབ་དང་། སྲིད་ཁྲིམས། སྤྱི་བདེ། ཁྲིམས་འཛིན་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཐོ་སློབ་ཀྱི་དགེ་རྒན་ཆེ་མོ་བ་གདན་དྲངས་ནས་འཆད་ཁྲིད་ཚོགས་པ་བཙུགས་པ་དང་ཆབས་ཅིག ཁོངས་གཏོགས་ཁུལ་གྱི“ཕུལ་བྱུང་ཏང་དོན་ལས་དོན་པ”དང་། “སྤྱི་ཚོགས་ལས་དོན་པ་ཕུལ་བྱུང་བཅུ”སོགས་འཐབ་ཕྱོགས་དང་པོའི་རྐང་འཛིན་པ་བསྡུས་ནས“རིགས་པའི་གཞུང་ལུགས་ཀྱི་རིགས་གཅིག་མཁས་ཅན་དང་འཐབ་ཕྱོགས་དང་པོའི་ལས་མི་རྩེ་གྲའི”གཉིས་ལྡན་དགེ་རྒན་དཔུང་ཁག་ཅིག་ཆགས་པར་བྱས་ཡོད།

    སློབ་ཚན་བཀོད་སྒྲིག་ཐད“ཡིག་ཆ་སྒྲོག་སྦྱངས་བྱེད་ཐུབ་ཙམ”གྱི་ཐབས་ཤེས་རྙིང་པ་མེད་པར་བཟོས་ཤིང་། མཐུན་སྦྱོར་ནུས་པ་སྐྱེད་སྲིང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ལས་དོན་དེ་ཉིད“ཡིག་ཐོག་སྲིད་ཇུས”ནས་མང་ཚོགས་ཚོས་གོ་ཐུབ་པ་དང་ཉན་འདོད་པའི་སྒྲོག་འགྲེལ་བཟང་པོ་ཞིག་ཏུ་འགྱུར་བར་བྱས་ཡོད། སྦྱོང་བརྡར་ལ་ཞུགས་མཁན་སྤྱི་ཚོགས་ལས་དོན་པས“དེ་སྔོན་རྒན་རྒོན་ལ་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་སྐོར་གླེང་སྐབས་ཡག་པོ་དེ་ཙམ་ཡོང་གི་མི་འདུག ད་ཆ་དཔེ་དྲངས་པ་དང་གཏམ་བཤད་སོགས་བྱེད་ཐུབ་པས་བགྲེས་སོང་ཚོས་ཀྱང་གསལ་པོ་ཤེས་ཀྱི་འདུག”ཅེས་བཤད།

    དངོས་འཐབ་ཁྲོད“ཉམས་སད་ཐེག་ཐུབ་པའི་ནུས་རྩལ”སྦྱངས་པ།

    “ལས་ཀ་གང་ཞིག་བྱས་ན་དེར་སྦྱོང་བརྡར་བྱེད་པ་དང་། གང་ཞིག་མ་འདང་ན་དེ་གསབ་དགོས”པའི་འདུ་ཤེས་བཅངས་ནས། དོག་སྡེ་ཁྲོམ་གཞུང་གི་དངོས་འཐབ་ཅན་གྱི་སྦྱོང་བརྡར་གྱིས་སྡེ་ཁུལ་ལས་དོན་གྱི་དཀའ་གནད་ལ་ཐད་ཀར་དམིགས་ཡོད།

    འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པའི་ཐད་གློ་སྙིང་སླར་གསོ། མེ་ཟོན་དངོས་སྦྱོང་། འབྲུབ་འགོག་དངོས་ཟོག་བཀོད་སྒྲིག་བཅས་ཚང་མ་འཇོན་དགོས། ལས་སྒོའི་ཐད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་ཞིབ་ནས“རྒན་གཅིག་གཞོན་གཅིག”གི་ཚོགས་སྤྱིའི་ཞབས་ཞུའི་བར་དང་། འགལ་བ་དང་རྩོད་གཞི་སེལ་བ་ནས་དྲ་རྒྱའི་གླེང་ཕྱོགས་ལ་ཁ་གཏད་གཅོག་པའི་བར་ཚང་མ་བྱང་ཆུབ་དགོས། ཏང་དོན་ཚད་ལྡན་གྱི་ཕྱོགས་སུ“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། ཏང་ཡོན་འཕེལ་རྒྱས་ཀྱི་བརྒྱུད་རིམ་བཅས་མི་ཚང་མར་རྒྱུས་མངའ་ལེགས་པོ་ཡོད་དགོས།

    སྦྱོང་བརྡར་བྱེད་སྟངས་གསར་གཏོད་བྱས་པ་དེས་མི་རྣམས་ཧངས་སངས་དགོས་པ་བཟོས་ཡོད། “དམངས་འདོད་ས་བཀྲ་བྲིས་མའི”དཔྱད་བསྡུར་བྱེད་སྒོའི་ཁྲོད། དྲ་མིག་བ་ཚོས“དམར་སེར་ལྗང”གསུམ་གྱི་རིམ་དབྱེའི་དོ་དམ་བརྒྱུད་དྲ་མིག་ཁག་ཏུ་བསྐྱོད་དེ་ནན་ཏན་ངང་རེ་ཞུ་ཉན་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཐོན་རྐྱེན་གསལ་པོར་བྲིས་ཡོད། ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་སྐབས“གྲངས་གཞིའི་རྩིས་ཐོ”གསལ་བཤད་བྱས་པ་མ་ཟད། “དམངས་སེམས་ཀྱི་རྩིས་ཐོ”དེ་བས་ཀྱང་ཞིབ་རྩིས་བརྒྱབ་ཡོད།

    གཞན་ཡང་དོག་སྡེ་ཁྲོམ་གཞུང་གིས་ད་དུང་གཞོན་སྐྱེས་གསོ་སྐྱོང་འདུ་འགོད་ལག་ལེན་བསྟར་ནས་ཕུལ་བྱུང་རྐང་འཛིན་པ་73རྗེས་གྲབས་ཤེས་ལྡན་པའི་མཛོད་ནང་བཅུག་པ་དང་། སྤྱི་ཚོགས་ལས་དོན་པ་ཕུལ་བྱུང་པེ་ཅིང་ཐུང་ཀྲོའུ་སོགས་སྔོན་ཐོན་ས་ཁུལ་དུ་གནས་སྦྱར་སྦྱོང་བརྡར་བྱེད་པར་མངགས་གཏོང་བྱས་ཡོད། སྦྱངས་པའི་ཉམས་མྱོང་མགྱོགས་མྱུར་དོན་ཐོག་ཏུ་འཁྱོལ་བ་བྱས་ཤིང་། “ཁུ་བྱུག་དྲིལ་བསྒྲགས”ཞེས་པའི་ཟ་ཁང་གཉེར་སྐྱོང་དང་། བཅོལ་ཉར་ཞབས་ཞུ། ཁུལ་ཆུང་རྙིང་པ་སྒྱུར་བཀོད་སོགས་ཀྱི་ལས་ལ་ཞུགས་ནས་དམངས་འཚོའི་འཐབ་ས་དང་པོར་གཞོན་སྐྱེས་འཚར་ལོངས་ཡོང་བར་སྐུལ་འདེད་བཏང་ཡོད།

    སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས“ལྷོད་གཡེང་ཞན་གསུམ”གྱི་གནད་དོན་བསལ་བ།

    དོག་སྡེ་ཁྲོམ་གཞུང་གིས་རྒྱལ་སྲུང་སློབ་གསོའི་ཆེད་ལས་ཚོགས་པ་དང་མཉམ་འབྲེལ་གྱིས་རུ་སྒྲིག་སྦྱོང་བརྡར་བྱས་ནས“ཡང་ཡང་སྦྱོང་བརྡར་དང་དཔྱད་ཞིབ་ནན་པོ”བྱས་པ་བརྒྱུད“ལྷོད་གཡེང་ཞན་གསུམ”གྱི་གོམས་གཤིས་ངན་པ་མེད་པར་བཟོས་ནས། བཀའ་རྒྱ་ལག་བསྟར་དང་གང་གསུང་དེ་སྒྲུབ་ཀྱི་སྒྲིག་ཁྲིམས་འདུ་ཤེས་ཞུན་བརྡར་བཏང་ཡོད། དེ་དང་ཆབས་ཅིག་འགག་རྩའི་འཐབ་རྩོད་ཀྱི་ཆེད་དོན་ནང་སྦྱོང་བྱས་ནས་དམག་མི་དང་། ཉེན་རྟོག་པ། ས་གནས་བཅས་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ། རྙོག་འཛིང་ཆེ་བའི་རྣམ་པའི་འོག་འཕྲལ་སྡོམ་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་བཏང་ཡོད།

    དམག་དོན་སྦྱོང་བརྡར་གྱི་སྒྲིག་ཁྲིམས་དེ་རྒྱུན་གཏན་གྱི་དོ་དམ་བར་སྣུར་སྲིང་བྱས་ཏེ་བཀྲ་ཤིས་སྡེ་ཁུལ་གྱིས་གསར་གཏོད་བྱས་པའི“སྔ་ཙམ་བཀོད་སྒྲིག་དང་ཕྱི་ཙམ་བཀོད་གཏོང”གི་ལམ་སྲོལ་ཁྲོམ་གཞུང་ཡོངས་སུ་ཁྱབ་གདལ་བཏང་ཞིང་། ཉིན་ལྟར“སྔ་ཙམ་བཀོད་སྒྲིག”བྱས་ཏེ་གནད་འཁེལ་ངང་མངགས་གཏོང་གིས་ལས་འགན་ལས་བགོས་དང་འགན་འཁྲིའི་བྱེད་པོ་གསལ་བཟོ་བྱས་ལ། “ཕྱི་ཙམ་བཀོད་གཏོང”བྱས་ཏེ་དོན་འཁྱོལ་བྱས་ཚུལ་ལ་བསྐྱར་ཞིབ་བྱས་ནས“གནད་དོན་ཤེས་རྟོགས་དང་། རྒྱུ་རྐྱེན་དབྱེ་ཞིབ། དག་ཐེར་ལེགས་བཅོས་དང་ཨང་གྲངས་སུབ་པ”བཅས་ཀྱི་མགྱོགས་མྱུར་བརྡ་ལན་ཞུ་བའི་འབྲེལ་ཐག་ཅིག་བཙུགས་ཡོད།

    གཞན་ཡང“སྤྱི་ཚོགས་ལས་དོན་ཀུན་ཤེས”དང“ཁུར་པོ་ཡང་གཏོང”ལས་སྟེགས་ཧུར་ཐག་སྤྱད་དེ་ལས་ཀའི་བརྒྱུད་རིམ་ལེགས་སུ་བཏང་ནས་སྤྱི་ཚོགས་ལས་དོན་པས་དུས་ཚོད་དང་སེམས་ཤུགས་དེ་བས་མང་བ་འཐབ་ཕྱོགས་དང་པོར་འཇོག་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།