ཧུའུ་ནན་ལིའུ་དབྱང་གི་ཤོག་སྦག་ཐོན་སྐྱེད་ཁེ་ལས་ཐོན་སྐྱེད་བྱེད་མཚམས་བཞག་ནས་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་པ།
ཚེས་5ཉིན་གྱི་ཉིན་གུང་ཧུའུ་ནན་ཁྲང་ཧྲ་ཡིས་ལིའུ་དབྱང་གྲོང་ཁྱེར་ཧྭ་ཧྲེང་ཤོག་སྦག་ཀུང་སིའི་འབར་གས་ལས་འཛོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོཌ་ཤིང་། ཁྲང་ཧྲ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་སྟེ། ཚེས་5ཉིན་བར་ལིའུ་དབྱང་ཤོག་སྦག་བཟོ་གྲྭའི་འབར་གས་དོན་རྐྱེན་ཁྲོད་མི་26ཤི་བ་དང་མི་61ལ་རྨས་སྐྱོན་ཕོག་པས། ལིའུ་དབྱང་གྲོང་ཁྱེར་ཡོངས་ཀྱི་ཤོག་སྦག་ཐོན་སྐྱེད་ཁེ་ལས་ཐོན་སྐྱེད་བྱེད་མཚམས་བཞག་ནས་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱེད་བཞིན་ཡོད།
ཡོངས་བསྒྲགས་ཚོགས་འདུ་མ་འཚོགས་གོང་། ཚོགས་ཞུགས་མི་སྣས་ལིའུ་དབྱང་ཤོག་སྦག་བཟོ་གྲྭའི་འབར་གས་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ལས་འཛོལ་ཐོན་རྗེས་ཁྲང་ཧྲ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལས་འཛོལ་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་བཙུགས་ནས་མེ་ཟོན་དང་། འཕྲལ་སྡོམ། སྤྱི་བདེ། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཚན་གྱི་མི་1500ལྷག་ཙམ་སྐོང་འཐེན་བྱས་ཏེ་འཕྲལ་སྡོམ་རོགས་སྐྱོབ་དང་། ས་གནས་ས་ཐོག་ཏུ་ཐག་གཅོད། སྨན་བཅོས་སྐྱོབ་བཅོས་སོགས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཧུའུ་ནན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མི་སྣ་འཚོལ་སྐྱོབ་དང་། མེ་ཤུགས་ཚོད་འཛིན། མེ་གསོད་སོགས་ཀྱི་བྱ་སྤྱོད་སྤེལ་བས་མིག་སྔར་ས་གནས་ས་ཐོག་གི་འཚོལ་སྐྱོབ་ཀྱི་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་ཡོད། ལས་འཛོལ་ཐག་གཅོད་ཐད་ཚོད་འཛིན་དཀའ་བ་དང་། མེ་གསོད་དཀའ་བ། འཚོལ་སྐྱོབ་དཀའ་བ་བཅས་ཀྱི་གནད་དོན་འཕྲད་ཡོད། མེ་ཤོར་སར་བཟོས་ཟིན་པའམ་བཟོ་འཕྲོའི་ཤོག་སྦག་ཡོད་པས་འབར་གས་བསྟུད་མར་བྱུང་བ་མ་ཟད། མཛོད་ཁང་དུ་ཉར་ཚགས་བྱས་པའི་རྫས་ལྷག་དབོར་དཀའ་བར་གྱུར་ཡོད། བཟོ་ཁུལ་གྱི་གྱང་དང་། ཀ་བ། ཁང་ཐོག་བཅས་བརྡིབས་ནས་གང་སར་ཞིག་རོས་ཁེངས་ཡོད་ལ། མི་མནན་པ་དང་། བགྲོད་ལམ་འགག་པ། རོགས་སྐྱོབ་བྱ་རྒྱུར་ཚོད་འཛིན་ཕོག་ཡོད། གོམ་སྟབས་རྗེས་མར་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་ཉེན་ཁའི་ཁུལ་ཁོངས་སྲུང་སྐྱོང་བྱ་རྒྱུ་ཡིན་ཞིང་། མེ་ཟོན་རླངས་འཁོར་དང་རྒྱང་འཛིན་ཆུ་གཏོར་སྤྱད་དེ་མེ་རྫས་མཛོད་ཁང་སྲུང་སྐྱོང་ཡག་པོ་བྱེད་པ་དང་ཆབས་ཅིག་ཉེན་ཁའི་གནས་ཚུལ་ལ་ཞིབ་འཇུག་བརྡར་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱ་རྒྱུ་རེད།
ཟླ་5ཚེས་4ཉིན་གྱི་ཆུ་ཚོད་16དང་སྐར་མ་40ཙམ་ལ་ལིའུ་དབྱང་གྲོང་ཁྱེར་ཧྭ་ཧྲེང་ཤོག་སྦག་བཟོ་སྐྲུན་ཚད་ཡོད་ཀུང་སིའི་འཁོར་ཁང་དུ་འབར་གས་ཀྱི་དོན་རྐྱེན་ཐོན་ཡོད།
འབྲེལ་ཡོད་གསར་འགྱུར།