དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་དྲུག་པ་འགོ་ཚུགས་པ།

    བོད་ལྗོངས་དང་། ལེའོ་ཉིང་། ཅི་ལིན། ཧེ་ལུང་ཅང་། ཀོང་ཏུང་། ཀོང་ཤིས། ཤིན་ཅང་བཅས་ཞིང་ཆེན(རང་སྐྱོང་ལྗོངས)7དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་སོ་སོར་ལྟ་བཤེར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-05-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གསར་འགོད་པར་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱུང་བར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་དྲུག་པ་ཕྱོགས་ཡོངས་ནས་འགོ་ཚུགས་པ་རེད།

    ད་ཐེངས་ཀྱི་ལྟ་བཤེར་བྱེད་རིང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཁག་7བཙུགས་ནས་ལེའོ་ཉིང་དང་། ཅི་ལིན། ཧེ་ལུང་ཅང་། ཀོང་ཏུང་། ཀོང་ཤིས། བོད་ལྗོངས། ཤིན་ཅང་བཅས་ཞིང་ཆེན(རང་སྐྱོང་ལྗོངས)7དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་སོ་སོར་ལྟ་བཤེར་བྱ་རྒྱུ་ཡིན་པ་དང་། བཅའ་སྡོད་དུས་ཡུན་ཟླ་བ་གཅིག་ཡིན་པ་རེད། 

    ལྟ་བཤེར་ཚོགས་ཆུང་གིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། བརྒྱུད་རིམ་གྱི་ལྟ་བ་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་ནན་པའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། གནད་སྨིན་དང་། ཚན་རིག་དང་མཐུན་པ། ཁྲིམས་བཞིན་བཅས་མཐའ་འཁྱོངས། གཙོ་གནད་མངོན་གསལ་དོད་པ་དང་གཟབ་ཅིང་མཁྲེགས་སར་གཏུག་ཕོད་པ་བཅས་བྱས་ནས། ལྟ་བཤེར་ལས་དོན་གོ་རིམ་ལྡན་ལ་ནུས་ལྡན་ངང་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། ལྟ་བཤེར་ཚོགས་ཆུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཏང་ཀྲུང་དབྱང་གི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་རྒྱུ་རེད། བཅའ་སྡོད་བྱེད་རིང་། ལྟ་བཤེར་ཚོགས་ཆུང་ཁག་ཏུ་འབྲེལ་གཏུག་ཁ་པར་དང་སྦྲག་སྲིད་ཡིག་སྒམ་བཙུགས་ནས་ལྟ་བཤེར་བྱ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཡི་གེ་དང་ཁ་པར་གྱི་ཐེར་འདོན་གོང་ཞུ་བདག་སྤྲོད་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།