ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
《མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་ཕན་འབྲས་དཔྱད་ཞིབ་བྱ་ཐབས》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་ཕན་འབྲས་དཔྱད་ཞིབ་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
《བྱ་ཐབས》ནང་། དཔྱད་ཞིབ་ལས་དོན་ཐད་གྲུབ་འབྲས་དངོས་ལ་གཙིགས་ཆེན་དང་འགན་འཁྲི་འཁུར་རྒྱུར་ལྕག་སྐུལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས་ཏང་ཀྲུང་དབྱང་གི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་གླེང་མང་བའི་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མུ་མཐུད་ཡག་པོ་རྒྱག་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་དམིགས་ཚད་ལས་འགན་ལ་དམིགས་ནས་འགག་རྩའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་དཔྱད་ཞིབ་དམིགས་ཚད་བཟོས་ཏེ་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་དམ་འཛིན་ནན་པོ་བྱེད་དགོས་པ། སྒྲིག་སྲོལ་དང་ཁྲིམས་སྲོལ་ལ་གཞིགས་པ་དང་མང་ཚོགས་ཀྱི་ཁས་ལེན་མཐའ་འཁྱོངས་བྱེད་པ་དང་། ཏང་ནང་ཁུལ་གྱི་འབྲེལ་ཡོད་ཁྲིམས་སྲོལ་དང་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་སོགས་བཅའ་ཁྲིམས་ཀྱི་བླང་བྱར་ནན་པོར་གཞིགས་པ། དཔྱད་ཞིབ་བྱེད་སྟངས་དང་གོ་རིམ་ཚད་ལྡན་དུ་གཏོང་བ། གནད་སྨིན་དང་ཚན་རིག་དང་མཐུན་ལ་དངོས་ཡོད་གཞུང་དྲང་བྱེད་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་གཙིགས་ཆེན་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་དགོས་པ། དཔྱད་སྤྱོད་ཟུང་འབྲེལ་དང་དཔྱད་ཞིབ་ལ་བརྟེན་ནས་ལས་དོན་སྒྲུབ་པར་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱེད་པ་དང་། དཔྱད་ཞིབ་བྱས་འབྲས་སྤྱོད་ཤུགས་ཆེ་རུ་གཏོང་བ། དཔྱད་ཞིབ་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་གཏོང་དང་འབྲེལ་ཡོད་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་དགོས་པ་བཅས་བཏོན་ཡོད།
ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ཁག་གི་ཏང་ཨུད་དང་སྲིད་གཞུང་གི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་ཕན་འབྲས་ལ་དཔྱད་ཞིབ་བྱེད་པར་གཙོ་བོ་གཤམ་གསལ་གྱི་ནང་དོན་ཚུད་དགོས་པ་སྟེ།
(གཅིག) མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་འགན་འཁྲི་དོན་འཁྱོལ་བྱས་ཚུལ། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ཏང་ཨུད་དང་སྲིད་གཞུང་གིས་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་གནས་གཅིག་འགན་གཉིས་དོན་འཁྱོལ་བྱེད་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་དང་ལྟ་སྐུལ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་དཔྱད་ཞིབ་བྱེད་དགོས་པ་དང་།
(གཉིས) མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ལོ་འཁོར་གྱི་དམིགས་ཚད་གཙོ་བོ་ལེགས་སྒྲུབ་བྱས་ཚུལ། རླུང་ཁམས་ཆེན་པོའི་ཁོར་ཡུག་དང་། ཆུ་དང་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག ས་རྒྱུའི་སྐྱེ་ཁམས་ཁོར་ཡུག སྙིགས་རོའི་སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་སྤུས་ཚད་ཀྱི་གནས་ཚུལ་བཅས་དང་དེ་བཞིན་ལོ་འཁོར་གྱི་དམིགས་འབེན་ལེགས་སྒྲུབ་བྱས་ཚུལ་ལ་དཔྱད་ཞིབ་བྱེད་དགོས་པ།
(གསུམ) མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ལོ་འཁོར་གྱི་གཙོ་གནད་ལས་འགན་ལེགས་སྒྲུབ་བྱས་ཚུལ། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་དང་། སྦགས་བཙོག་བཅོས་སྒྲིག སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཀྱི་ལོ་འཁོར་གྱི་གཙོ་གནད་ལས་འགན་ལེགས་སྒྲུབ་བྱས་ཚུལ་བཅས་ལ་དཔྱད་ཞིབ་བྱེད་དགོས་པ།
(བཞི) མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་གནས་ཚུལ། ཀྲུང་དབྱང་དང་ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ནོར་སྲིད་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་གནས་ཚུལ་ལ་དཔྱད་ཞིབ་བྱེད་དགོས་པ།
(ལྔ) མང་ཚོགས་བློ་ཡིད་ཚིམ་ཚད། མང་ཚོགས་ཀྱིས་ས་ཁུལ་དེ་གའི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལེགས་གཏོང་ཐད་བློ་ཡིད་ཚིམ་ཚད་ལ་དཔྱད་ཞིབ་བྱེད་དགོས་པ་བཅས་རེད།
དཔྱད་ཞིབ་ཐད་སྐར་མ་བརྒྱ་ཡི་བྱེད་ཐབས་ལག་བསྟར་བྱེད་དགོས་པ་དང་སྐར་གྲངས་སྣོན་པ་དང་སྐར་གྲངས་འཐེན་པའི་ལུགས་མཐུན་བྱེད་ཐབས་བཀོད་སྒྲིག་བྱེད་དགོས་པ་མ་ཟད། དཔྱད་བསྡུར་བྱས་འབྲས་ཕུལ་བྱུང་དང་། ཅུང་ལེགས་པ། ཚད་ལོན་པ། ཚད་མི་ལོན་པ་བཅས་རིམ་པ་བཞིར་དབྱེ་དགོས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་ཀྲུང་དབྱང་རྩ་འཛུགས་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དཔྱད་ཞིབ་དམིཌ་ཚད་ཀྱི་སྐར་གྲངས་དཔྱད་བསྡུར་ཞིབ་སྲོལ་བཟོ་དགོས། དེའི་ནང་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་གྱི་འབྲེལ་ཡོད་དཔྱད་ཞིབ་དེ་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་དང་ཕྱོགས་བསྡུས་གདེང་འཇོག་དཔྱད་ཞིབ་དང་སྦྲེལ་མཐུད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ལ་ཁོར་ཡུག་སྦགས་བཙོག་གྱི་དོན་རྐྱེན་ཧ་ཅང་ཚབས་ཆེན་ནམ་ཡང་ན་སྐྱེ་ཁམས་ལ་གཏོར་བཤིག་བཏང་བའི་དོན་རྐྱེན་ཧ་ཅང་ཚབས་ཆེན་ཐོན་ཚེ་ལོ་འཁོར་གྱི་དཔྱད་ཞིབ་བྱས་འབྲས་དེ“ཅུང་ལེགས་པོ”དང་དེ་ཡན་དུ་གཏན་འཁེལ་བྱེད་མི་ཆོག
དཔྱད་ཞིབ་ལས་དོན་ལོ་ལྟར་ཐེངས་གཅིག་སྤེལ་དགོས་པ་དང་རྩ་དོན་ཐོག་ཕྱི་ལོའི་ཟླ་བ་དྲུག་པའི་ཟླ་མཇུག་གོང་ལེགས་སྒྲུབ་བྱེད་དགོས་པ་དང་ཕྱོགས་བསྡུས་གདེང་འཇོག་ལས་དོན་དེ་ཕྱི་ལོའི་ཟླ་བ་གསུམ་པའི་ཟླ་མཇུག་གོང་སྤྱིར་ན་ལེགས་སྒྲུབ་བྱེད་དགོས།
དཔྱད་ཞིབ་བྱས་འབྲས་དེ་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་དང་འབྲེལ་ཡོད་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་དང་། བྱ་དགའ་ཆད་གཅོད། གོ་གནས་བསྐོ་འཐེན་བཅས་ཀྱི་དཔྱད་གཞི་གལ་ཆེན་དུ་བརྩི་དགོས་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་ནོར་སྲིད་མ་དངུལ་བགོ་བཤའི་དཔྱད་གཞིའི་གཞི་འཛིན་སར་བརྩི་དགོས།
《བྱ་ཐབས》ནང་བླང་བྱ་བཏོན་དོན། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)དང་འབྲེལ་ཡོད་སྡེ་ཚན་ཁག་གིས་དུས་ཐོག་དང་ཡང་དག་པའི་སྒོ་ནས་འབྲེལ་ཡོད་གྲངས་གཞི་དང་དཔྱད་གཞི་མཁོ་འདོན་བྱས་ཏེ་དཔྱད་ཞིབ་ལས་དོན་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱེད་དགོས། ཉེར་ཕྱོགས་གཡོ་ཟོལ་དང་། གྲངས་གཞི་རྫུན་ཞུ་དང་སྦས་གསང་བྱེད་པ། གྲངས་གཞི་བཟོ་བཅོས་རྒྱག་པ། དཔྱད་གཞིའི་ཡིག་རིགས་རྫུན་མ་བཟོ་བ་སོགས་བྱས་ནས་དཔྱད་ཞིབ་བྱས་འབྲས་དོན་དངོས་དང་མི་མཐུན་པ་ཚབས་ཆེན་བྱུང་རིགས་ཀྱི་དཔྱད་ཞིབ་རིམ་པ་ཐད་ཀར“ཚད་མ་ལོན་པར”གཏན་འཁེལ་བྱས་ཏེ་འབྲེལ་ཡོད་ཆ་འཕྲིན་སྲིད་དོན་གྱི་ཁ་དན་ཚིག་ལ་མ་གནས་པའི་ཁོངས་སུ་བཅུག་རྒྱུ་དང་སྦྲགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་ཚན་པ་དང་མི་སྣའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
དཔྱད་ཞིབ་ལས་དོན་པས་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་སྲུང་བ་དང་། ལས་ཀའི་ཚད་གཞི་དང་གསང་སྲུང་གཏན་འབེབས་དོན་འཁྱོལ་བྱེད་པ། སྤྱོད་གཙང་རང་འདོམས་བྱེད་དགོས་པ་དང་། དབང་ཆ་གང་བྱུང་དུ་སྤྱོད་པ་དང་དབང་ཆར་བརྟེན་ནས་སྒེར་ཕན་གཉེར་རིགས་གཏན་འགོག་བྱས་ཏེ། དཔྱད་ཞིབ་ཀྱི་སྒྲིག་ཁྲིམས་ལས་འགལ་རིགས་འབྲེལ་ཡོད་གཏན་འབེབས་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།