མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་སི་ཁྲོན་རྔ་པའི་སྐུ་བླ་རི་བོ་འཛམ་གླིང་ས་གཤིས་སྤྱི་གླིང་དུ་བདམས་པའི་ཁས་ལེན་ལག་ཁྱེར་དངོས་སུ་སྤྲད་པ།

སི་ཁྲོན་རྔ་པའི་སྐུ་བླ་རི་བོ་འཛམ་གླིང་ས་གཤིས་སྤྱི་གླིང་ཡིན་པ།
པེ་ཅིང་གི་དུས་ཚོད་ཟླ་4ཚེས་27ཉིན་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་སྐུ་བླ་རི་བོ་འཛམ་གླིང་ས་གཤིས་སྤྱི་གླིང་དུ་བདམས་པའི་ཁས་ལེན་ལག་ཁྱེར་དངོས་སུ་སྤྲད་པ་རེད། སྐུ་བླ་རི་བོ་ནི་མཚོ་བོད་ས་མཐོའི་ཤར་ཕྱོགས་མཐའ་རྒྱུད་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང་དང་པོ་ཡིན་ལ། གོ་ལ་ཧྲིལ་པོར་རི་བོའི་དབུ་རྩེའི(ས་བབ་སྨི་5000ལས་བརྒལ་བ)གྲངས་འབོར་མང་ཤོས་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང་ཞིག་ཀྱང་ཡིན་པས། རང་རྒྱལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་འཛམ་གླིང་རིམ་པའི“གསེར་བྱང”ཞིག་བསྣན་ཡོད།
སྐུ་བླ་རི་བོ་དེ་འཛམ་གླིང་ས་གཤིས་སྤྱི་གླིང་དུ་བདམས་དོན་ཅི་ཡིན་ནམ། དེ་ལས་ས་གནས་དེ་གའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་དོན་སྙིང་གང་དག་ལྡན་ཡོད་དམ།
འཛམ་གླིང་ས་གཤིས་སྤྱི་གླིང་ཁོངས་སུ་ཚུད་པར་འཛོམས་དགོས་པའི་གཞི་རྩའི་ཆ་རྐྱེན་ནང་ས་གཤིས་ཤུལ་བཞག་གི་རིན་ཐང་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་རིན་ཐང་། རིག་གནས་ཤུལ་བཞག་གི་རིན་ཐང་བཅས་ཡོད།
སྐུ་བླ་རི་བོ་འཛམ་གླིང་ས་གཤིས་སྤྱི་གླིང་དེ་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བཙན་ལྷ་རྫོང་ཁོངས་སུ་གནས་པ་དང་། མཚོ་བོད་ས་མཐོ་དང་སི་ཁྲོན་གཤོངས་སའི་བར་བརྒལ་ཁུལ་དུ་ཆགས་ཤིང་། དེ་ནི་ལོ་ངོ་དུང་ཕྱུར་ལས་བརྒལ་བའི“ས་གཞི་ཆེན་པོའི་དཔེ་དེབ”ཅིག་ཡིན་པས་དེར་མཚོ་བོད་ས་མཐོར་ཞིབ་འཇུག་བྱེད་པའི“ས་གཤིས་རྟེན་མཛོད་ཁང”ཞེས་བརྗོད་ཀྱི་ཡོད།
“འཛམ་གླིང་ས་གཤིས་སྤྱི་གླིང་ཁོངས་སུ་ཚུད་པར་འཛོམས་དགོས་པའི་གཞི་རྩའི་ཆ་རྐྱེན་ནང་ས་གཤིས་ཤུལ་བཞག་གི་རིན་ཐང་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་རིན་ཐང་། རིག་གནས་ཤུལ་བཞག་གི་རིན་ཐང་བཅས་ཡོད”ཀྲུང་གོ་ས་གཤིས་ཚན་རིག་ཁང་བྲག་ཞུན་ས་གཤིས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀྲང་ཡོན་ཧའེ་ཡིས་སྐུ་བླ་རི་བོ་འཛམ་གླིང་ས་གཤིས་སྤྱི་གླིང་ལ་ཟུང་ཆུ་ནས་དཀར་མཛེས་བར་གྱི་རི་རྒྱུད་ཀྱི“ནུབ་ཁམས་རྣམ་པའི”ལྟེབ་གཉེར་དང་། “ནུབ་ཁམས་ཁྱུ་ཚོགས”ཀྱི་སྙིགས་བསགས་བྲག་རྡོའི་བསྐྱར་གྲུབ་རྡོའི་བཀོད་པ། མཚོ་བོད་ས་མཐོའི་ཤར་ཕྱོགས་མཐའ་རྒྱུད་ཀྱི་རི་བོའི་དབུ་རྩེ་དང་དེ་བཞིན་ཐུན་མོང་མ་ཡིན་པའི་འཁྱགས་རོམ་ས་དབྱིབས་བཅས་ཀྱི་ཁྱད་ཆོས་ཡོད་ལ་གནས་ཡུལ་དེ་ཀུ་ཐེ་ཐི་སི་རྒྱ་མཚོ་ནས་མཚོ་བོད་ས་མཐོའི་ཤར་ཕྱོགས་མཐའ་རྒྱུད་ཀྱི་གྱེན་དུ་འབུར་བའི་ས་གཤིས་འགྱུར་ལྡོག་གི་བརྒྱུད་རིམ་བཀོད་ཡོད་པས་ཚན་རིག་གི་རིན་ཐང་དང་གོ་ལ་ཧྲིལ་པོའི་དཔྱད་བསྡུར་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ངོ་སྤྲོད་བྱས།
འཛམ་གླིང་ས་གཤིས་སྤྱི་གླིང་དུ་ཚུད་རྗེས་ས་གཤིས་རྗེས་ཤུལ་དང་སྐྱེ་ཁམས་ཁོར་ཡུག་གི་སྔར་ཡོད་རྣམ་པ་ཚང་མ་སོར་གནས་ཐུབ་པ་བྱེད་དགོས་ཀྱི་ཡོད།
ཐོན་ཁུངས་ཀྱི་རྨང་གཞི་མཐིལ་རྟོགས་གནད་སྨིན་བྱ་ཆེད། སྐུ་བླ་རི་བོ་འཛམ་གླིང་ས་གཤིས་སྤྱི་གླིང་གི་རེ་ཞུ་ཚོགས་པས་སི་ཁྲོན་ཞིང་ཆེན་སའི་གོ་ལ་དངོས་ཁམས་བརྟག་དཔྱད་ཞིབ་འཇུག་སུའོ་དང་། ཀྲུང་གོ་ཚན་རིག་ཁང་། ནན་ཅིང་སློབ་ཆེན་སོགས་ཚན་ཞིབ་སྟོབས་ཤུགས་དང་དེ་བཞིན་ཁྱབ་ཁོངས་མང་པོའི་རིགས་གཅིག་མཁས་ཅན་དང་མཉམ་དུ་རི་ཐང་དུ་རྒྱུད་རིམ་ལྡན་པའི་བརྟག་དཔྱད་ཐེངས་30ལྷག་ཙམ་བྱས་ཤིང་། རི་ཁུལ། ནགས་ཚལ་བཅས་སུ་བསྐྱོད་དེ་འཛམ་གླིང་རིམ་པའི་ས་གཤིས་རྗེས་ཤུལ་3དང་། རྒྱལ་ཁབ་རིམ་པའི་ས་གཤིས་རྗེས་ཤུལ་11 ས་ཁུལ་རིམ་པའི་ས་གཤིས་རྗེས་ཤུལ་46བཅས་རྒྱུད་རིམ་ལྡན་པའི་ངང་སྔོག་འདོན་བྱས་པ་དང་། “ས་གཤིས་དང་། སྐྱེ་ཁམས། རིག་གནས་བཅས་ཟུང་དུ་འབྲེལ་བའི”མཉམ་འདུས་རིན་ཐང་ཕྱོགས་ཡོངས་ནས་གསལ་བཟོ་བྱས་ཏེ། ཚན་རིག་དང་མཐུན་པའི་སྲུང་སྐྱོང་དང་། ཚན་རིག་ཁྱབ་གདལ་སློབ་གསོ། བེད་སྤྱོད་ལུགས་མཐུན་བཅས་ལ་གྲངས་གཞིའི་འདེགས་སྐྱོར་བརྟན་པོ་བྱས་ཡོད་པ་རེད།
“འཛམ་གླིང་ས་གཤིས་སྤྱི་གླིང་ནི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཁུལ་ཁོངས་ཤིག་ཡིན་པ་ལས་བཀག་སྡོམ་བྱས་པའི‘སྲུང་སྐྱོང་བྱ་ཡུལ’ཞིག་མིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་ས་གཤིས་སྤྱི་གླིང་ལ་སྡེ་ཁུལ་ཞུགས་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། ལྗང་མདོག་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས་སྲུང་སྐྱོང་དང་འཕེལ་རྒྱས་གཉིས་ཀ་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་ཡོད” ཀྲང་ཡོན་ཧའེ་ཡིས། ས་གནས་དེ་གས་མང་ཚོགས་ཡུལ་སྐོར་ཞབས་ཞུ་དང་། དམངས་སྲོལ་གནས་ཚང་གཉེར་སྐྱོང་། ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སོགས་ཀྱི་ལས་དོན་ལ་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱས་ཏེ། ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་རྩལ་ཐོན་རྫས་དང་དེ་བཞིན་བཙན་ལྷའི་ཀུ་ཤུ་དམར་པོ་དང་། ས་མཐོའི་རྒྱ་སེ་མེ་ཏོག གླ་ཚེར་གྱི་བཏུང་བྱ་སོགས་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཁྱབ་གདལ་བཏང་ནས་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།
འབྲེལ་ཡོད་གསར་འགྱུར།