དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་ཕྱོགས་ཁག་གིས་མཉམ་དུ་དུས་རབས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་སྣེ་ཁྲིད་བྱས་པ།

    ལཱ་དབྱི་ཏེ·ཧྥ་ཧོ་སྨི།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-08

    གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་ཝི་ཨེན་ནའི“གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོགས་པོའི་ཚོགས་ཆུང”གི་འགོ་འཛུགས་མཛད་སྒོ་ཉེ་ཆར་ཝི་ཨེན་ནའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚོགས་པ་རེད། འདི་ནི་ན་ནིང་ཟླ་12པར་ཉིའུ་གཡོད་དང་འདི་ལོའི་ཟླ་2པར་རི་ནེ་ཝར་འཚོགས་རྗེས་སུ་ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྟེགས་ལ་བརྟེན་ནས་བཙུགས་པའི“གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོགས་པོའི་ཚོགས་ཆུང”གཞན་ཞིག་རེད། “གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོགས་པོའི་ཚོགས་ཆུང”གི་ཁོངས་མི་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་ཤུགས་རྐྱེན་ཐེབས་ཤུགས་དང་གོང་བུ་འགྲིལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དེ་ཐོག་ནས། སྒྱུར་བཅོས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་པ་གསལ་བཤད་ཐུབ་ཡོད།

    2025ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་དབུ་ཚོགས་རིང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་གཟབ་ནན་ངང་བཏོན་གནང་ཡོད། དེ་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བཏོན་རྗེས་ཀྲུང་གོས་བཏོན་པའི་གྲོས་འགོ་གལ་ཆེན་གཞན་ཞིག་རེད། དེས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་པར་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་ཕུལ་ཡོད།

    མིག་སྔར་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་བཙུགས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་རྡབ་རྡེག་ཚབས་ཆེན་ཕོག་ནས། འཛམ་གླིང་འདི་ཉིད་སླར་ཡང་ཞི་བདེ་དང་དམག་འཁྲུག་གི་ལམ་བཞི་མདོ་ཁར་སླེབས་ཡོད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ནར་འགྱངས་ཡུད་ཙམ་ཡང་བྱེད་མི་རུང་། དེ་ལྟར་བྱས་ན་གཞི་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་སྔར་བས་ལེགས་པ་བྱེད་པ་དང་སྔར་བས་དྲང་གཞག་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་བཙུགས་ཏེ། རྒྱལ་ཁབ་ཁག་གི་བདག་དབང་དང་། རང་བཙན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དབང་ཆ་བཅས་ཚང་མར་བརྩི་འཇོག་དང་སྲུང་སྐྱོང་བྱེད་ཐུབ།

    ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་རིང་། རྒྱལ་ཁབ་ཁ་ཤས་ཀྱི་བྱེད་སྟངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་དང་རྩ་དོན་དང་རྒྱབ་འགལ་ཐེངས་མང་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་གི་དབང་གྲགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། གནམ་གཤིས་འགྱུར་ལྡོག་དང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་ནད་ཡམས། ཉིང་རྡུལ་ཁྱབ་འགྱེད་མི་འགྲོ་བ་སོགས་ཁྱབ་ཁོངས་ཁག་གི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་གི་མདུན་དུ་མིག་སྔའི་རྒྱལ་སྤྱིའི་མ་ལག་གི་ཁ་གཏད་གཅོག་ནུས་ཚབས་ཆེན་འདང་གི་མེད། རྒྱལ་ཁབ་ཁག་གཅིག་རྒྱལ་སྤྱིའི་རོགས་ལས་དང་ཕྱོགས་མང་རིང་ལུགས་ཀྱི་བྱ་སྤྱོད་ནང་ཞུགས་འདོད་བྱེད་ཀྱི་མེད་པའི་དབང་གིས་གོ་ལ་ཧྲིལ་པོའི་ཞི་བདེ་དང་། བདེ་འཇགས། བརྟན་ལྷིང་བཅས་ཀྱི་དུས་བབ་ལ་གནོད་འཚེ་ཕོག་ཡོད།

    ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་གྱི་གལ་ཆེའི་རང་བཞིན་ནན་བཤད་བྱས་པ་དང་བདག་དབང་འདྲ་མཉམ་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་བརྩི་སྲུང་ཞུ་བ། ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ་སོགས་ཀྱི་གལ་ཆེའི་རྩ་དོན་ལག་བསྟར་བྱས་ཏེ། ཚད་གཞི་ཉིས་བརྩེགས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་བབ་ལ་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་བྱས་པ་དང་ཆབས་ཅིག གོ་ལ་ཧྲིལ་པོའི་བཅོས་སྐྱོང་དམངས་གཙོ་ཅན་མངོན་འགྱུར་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་བྱས་པ་སྟེ། རྒྱལ་སྤྱིའི་མ་ལག་ཁྲོད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དེ་བས་ཆེ་བའི་ཚབ་མཚོན་རང་བཞིན་ལྡན་དགོས་པ་མ་ཟད། རྒྱལ་ཁབ་ཁ་ཤས་ཀྱིས་ཕྱོགས་རྐྱང་རིང་ལུགས་ཀྱི་བྱེད་སྟངས་ཐོག་ནས་རྒྱལ་སྤྱིའི་མ་ལག་ལས་བརྒལ་བར་ངོ་རྒོལ་ཡང་བྱེད་དགོས།

    མིག་སྔར་རྒྱལ་སྤྱིའི་དུས་བབ་ཟང་ཟིང་ཆེ་བ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོའི་དུས་རབས་ཀྱི་རིན་ཐང་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ཕྱོགས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་མུ་མཐུད་སྣེ་ཁྲིད་བྱས་ཏེ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པ་དང་། ལག་གདང་སྦྲེལ་ནས་ཞི་བདེ་དང་། བདེ་འཇགས། དར་རྒྱས། ཡར་ཐོན་བཅས་ཀྱི་འོད་སྟོང་འཕྲོ་བའི་མདུན་ལམ་གཏོད་དགོས།

    (རྩོམ་པ་པོ་དབྱི་རག་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཡིན)

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།