ཀྲུང་གོའི་ཁེ་ལས་ཀྱིས་ཐན་ཙན་ནི་ཡའི་སང་ཀེ་པར་ལ་འགྲིམ་འགྲུལ་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་པ།
“ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་བསྣན་པ”
ས་འབུད་འཕྲུལ་འཁོར་གྱི་འུར་སྒྲས་མཚོ་འགྲམ་གྱི་ལྷིང་འཇགས་ཡོངས་སུ་དཀྲོགས། ཐན་ཙན་ནི་ཡའི་སང་ཀེ་པར་ལྷོ་རྒྱུད་ཀྱི་མཚོ་རླབས་འགྲོ་ལམ་རྣམ་གྲངས་ལག་ལེན་བསྟར་ཡུལ་དུ། ལས་དཔོན་སའེ་དབྱི·ཨེན་ཏེ་ཁེ་ཅ་ཡིས་ལས་མི་བཅུ་གྲངས་ལ་ལས་ཀ་སྐུལ་ཞིང་། ལས་མི་ཚོས་ས་འབུད་འཕྲུལ་འཁོར་བཏང་ནས་ལམ་གཞི་མཐོ་རུ་གཏོང་བ་དང་། ལམ་ཁོད་སྙོམས་པ། སྦུག་ལམ་བཟོས་ནས་མཚོ་རླབས་ཆེན་པོ་འཕྱུར་བའི་དུས་སུ་འགྲོ་ལམ་ཆུས་བསྣུབས་ནས་རྒྱུན་ལྡན་བཞིན་ཤར་བགྲོད་མི་ཐུབ་པ་སྔོན་འགོག་བྱེད་བཞིན་ཡོད།
རིང་ཚད་ལ་སྤྱི་ལེ་གཉིས་ཙམ་ལས་མེད་པའི་ལམ་བུ་དེ་ནི་ས་གནས་དེ་གའི་ཝུའུ་ཅི་གྲོང་ཚོའི་ཡུལ་མི་ཕྱིར་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་ཞིག་རེད། “མཚོ་རླབས་འཕྱུར་རིམ་བཞིན་འགྲོ་ལམ་དེ་ཆུས་བསྣུབས་ནས་སྟབས་བདེ་པོ་གཏན་ནས་མིན་འདུག”ཅེས་དང“རྣམ་གྲངས་དེ་ལེགས་གྲུབ་ཟིན་རྗེས་ང་ཚོ་མཚོ་རླབས་འཕྱུར་བའི་དུས་སུའང་ཕྱིར་འགྲོ་ཆོག”ཅེས་ཡུལ་མི་མའོ་ལི་ཏེ·ཀྲུའུ་མ་ཡིས་གསར་འགོད་པར་བརྗོད།
མཚོ་རླབས་འགྲོ་ལམ་རྣམ་གྲངས་ནི་ཀྲུང་གོ་ས་ཁང་ལས་གྲྭ་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་སང་ཀེ་པར་གྱི་སྤྱི་ལེ་100ཟིན་པའི་གྲོང་ཁྱེར་གྱི་གཞུང་ལམ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ཀྱི་ཆ་ཤས་ཤིག་རེད། ཀྲུང་གོ་ས་ཁང་ལས་གྲྭ་ཚོགས་པ་ཚད་ཡོད་ཀུང་སི་ཨ་ཧྥེ་རི་ཁ་ཤར་མའི་སང་ཀེ་པར་ཡན་ལག་ཀུང་སིའི་ཅིང་ལི་ཞུང་ཡུན་ཤུས་ཀྱིས། རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ཀྱི་ནང་དོན་གཙོ་བོའི་གྲས་སུ་གྲོང་ཁུལ་གཙོ་བོའི་སྤྱི་ལེ་100ཙམ་ཟིན་པའི་གཞུང་ལམ་སྒྱུར་བཀོད་དང་། སྣོལ་ཟམ་གཉིས་གསར་སྐྲུན། དེ་བཞིན་གྲོང་ཁྱེར་གྱི་གཞུང་ལམ་ཞོར་གཏོགས་ལས་གྲྭ་བཅས་ཚུད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
མིག་སྔར་སང་ཀེ་པར་རྒྱལ་སྤྱིའི་གནམ་ཐང་དང་འཛམ་གླིང་གི་རིག་གནས་ཤུལ་བཞག་སྟེ་སང་ཀེ་པར་རྡོ་གྲོང་དང་འབྲེལ་བའི་ལམ་དང་པོ་དང་དེ་བཞིན་ས་གནས་དེ་གའི་སྣོལ་ཟམ་ཐོག་མ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་རྣམ་གྲངས་ཁྱོན་ཡོངས་ནས་ལེགས་གྲུབ་ཐུབ་ཚད་85%ཟིན་ཡོད།
འབྲེལ་ཡོད་གསར་འགྱུར།