དབུ་ཤོག
  • ལོ་ངོ་སྟོང་གི་ས་སྐྱ་གནའ་ཉམས་དོད། རྩིས་ཐོ་གསུམ་ལས་དམངས་ཀྱི་སེམས་པ་དྲོས།

    ས་སྐྱ་རྫོང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལོ་ལྔའི་ལག་ལེན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-08

    ཁ་བའི་ཁྲོད་ཀྱི་གནའ་གྲོང་ས་སྐྱ་ཡིན་པ།(མཁའ་ཐོག་ནས་པར་བརྒྱབ་པ)

    ཉེ་བའི་ལོ་ཤས་རིང་། ས་སྐྱ་རྫོང་གིས“རིག་གནས་སྟོབས་ལྡན་རྫོང་དང་། ཡུལ་སྐོར་སྟོབས་ལྡན་རྫོང་། རིག་དངོས་རྫོང་ཆེན”བཅས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ཏེ། གནའ་གྲོང་ས་སྐྱའི་རྒྱལ་ཁབ་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་པ་སྣེ་འདྲེན་དུ་གཙོ་བོར་བྱས་ཏེ་ཕྱོགས་གཅིག་ནས་ལོ་ངོ་སྟོང་གི་རིག་གནས་སྲུང་སྐྱོང་དང་གསོན་ཤུགས་འཕེལ་བར་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་ཡུལ་སྐོར་སྤུས་ཚད་ལེགས་སུ་གཏོང་བར་དམ་འཛིན་བྱས་ཏེ“གངས་ལྗོངས་ཀྱི་ཏུན་ཧོང་དང་ལོ་ངོ་སྟོང་གི་ས་སྐྱ”ཞེས་པའི་ལྟེ་བའི་སྤུས་རྟགས་རྒྱུན་ཆད་མེད་པར་མངོན་པར་བྱས་ཡོད། 2025ལོར། ས་སྐྱ་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་102.6ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་འཛད་སྤྱོད་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་1.85ཟིན་པ་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3.05ཟིན་པ་དེ་2021ལོ་དང་བསྡུར་ན་ཡུལ་སྐོར་བ་མི་ཐེངས་164%འཕར་བ་དང་ཡུལ་སྐོར་ཡོང་འབབ་159%འཕར་ཡོད།

    རིག་གནས་ཀྱི་རྩིས་ཐོ་ཞིག་ལས། གནའ་དཔེ་དང་ལྡེབས་རིས་ལ་གསོན་ཤུགས་རྒྱས་པ།

    གནའ་དཔེའི་ཚད་ལྡན་ཡིག་ཆ་བམ་པོ་བརྒྱད་ཁྲི་བཞི་སྟོང་ལྷག་ཙམ་དང་། ལོ་ངོ་སྟོང་གི་ཏ་ལའི་ལོ་མའི་དཔེ་ཆ་བརྒྱ་ཕྲག་ཁ་ཤས། སྨི་ངོས་གྲུ་ཆིག་ཁྲི་ལྷག་ཙམ་ཟིན་པའི་རང་བྱུང་གཏེར་རྫས་ཀྱི་ཚོན་རྒྱུ་ལས་བྲིས་པའི་དུས་རབས་རིམ་བྱུང་གི་ལྡེབས་རིས་བཅས་ཡོད་ཅིང་། སྣ་མང་ཕུན་སུམ་ཚོགས་པའི་གསུང་རབ་ནས་མི་རྣམས་ཧང་སངས་དགོས་པའི་སྒྱུ་རྩལ་བར་དང་། ལོ་རྒྱུས་ཀྱི་སྙིང་དོན་ཟབ་མོ་འདུས་པའི་སྐྲུན་དངོས་ནས་འཚོ་བའི་ཁྲོད་མཐོང་རྒྱུ་ཡོད་པའི་མངོན་མིན་རིག་གནས་ཤུལ་བཞག་བར་ས་སྐྱ་ནི་འདྲ་བཟོས་བྱེད་ཐབས་བྲལ་བའི་རིག་གནས་ཀྱི་མཐོ་ས་ཞིག་ཡིན་པ་སྨོས་མེད་རེད།

    མཆོག་ནོར་ལ་སྲུང་སྐྱོང་བྱེད་དགོས་ཤིང་། ལོ་ལྔའི་རིང་། ས་སྐྱ་རྫོང་གིས“སྲུང་སྐྱོང་ཨང་དང་པོར་འཇོག་པ་དང་། དོ་དམ་ལ་ཤུགས་སྣོན་རྒྱག་པ། བེད་སྤྱོད་ལུགས་མཐུན”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་བརྒྱུད་རིམ་ལྡན་པའི་སྒོ་ནས་རིག་གནས་ཤུལ་བཞག་ལ“འགོག་སྲུང་ནགས་ཚལ”བསྐྲུན་ཡོད།

    རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་མ་དངུལ་སྒོར་ཁྲི་4000དོན་འཁྱོལ་བྱས་ནས་མེ་ཟོན་དང་། བདེ་འཇགས་འགོག་ཟོན། སྔོན་འགོག་རང་བཞིན་གྱི་སྲུང་སྐྱོང་དང་ཉམས་གསོ་བཅས་ཀྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་ཡོད། བསམ་བརླིང་དགོན་གྱི་སྤོ་རུང་རིག་དངོས་ཁྲི་13ཙམ་ཐོ་བཀོད་བྱས་ནས་ཞིབ་འཇུག་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

    ཕྱི་རོལ་རིག་དངོས་ལྟ་འདོམས་དཔུང་ཁག་མི་9ནས་26བར་མང་དུ་བཏང་བས་སྐོར་ཞིབ་སྟོབས་ཤུགས་ཆེ་རུ་གང་ལེགས་སོང་ཡོད། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པར་སྐུལ་འདེད་ཏན་ཏིག་བཏང་སྟེ། རིག་དངོས་ས་ཚིགས་161ལ་བརྟག་དཔྱད་བྱས་པ་དང་ས་ཚིགས་63གསར་དུ་རྙེད་པར། གྲུབ་འབྲས་གྲོང་ཁྱེར་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་རེད།

    ས་སྐྱ་རྫོང་གིས་ཡོངས་བཤེར་གྱི་གྲངས་གཞི་རྨང་གཞིར་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་ནོར་མཛོད་ཀྱི་གྲངས་གཞིའི་མཛོད་བསྐྲུན་པ་དང་། སྤོ་མི་རུང་བའི་རིག་དངོས་ཀྱི་དཔྱད་གཞི་ཕྱོགས་བསྡུས་རྩོམ་སྒྲིག་བྱས་ཤིང་། ཐལ་རྡུལ་གྱིས་འཚོས་པའི་གནའ་དཔེ་དག་ལ་ལོ་ཟླའི་འཕོ་འགྱུར་དང་དེང་རབས་ལག་རྩལ་ཁྲོད་དུ་གསོན་ཤུགས་གསར་པ་འཕེལ་ཡོད། 《ས་སྐྱ་དགོན་གྱི་རིག་དངོས་སྲུང་སྐྱོང་འཆར་འགོད》བཏོན་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་རྫོང(ཆུས)18ཀྱི་ཁོའོ་རིམ་པ་རྒན་པའི་བྱ་གཞག་ཚན་པ་ཁག་དང་པོ་སྟེ། ས་སྐྱ་རྫོང་རིག་གནས་ཡུལ་སྐོར་ཞབས་ཞུ་དོ་དམ་ལྟེ་གནས(རིག་དངོས་ཞིབ་འཇུག་སུའོ)སྒོ་བྱང་བཀལ་ནས་བཙུགས་པ་དེས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་ཆེད་ལས་ཀྱི་འདེགས་སྐྱོར་བརྟན་པོ་བྱས་ཡོད།

    མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭ་དང་གྲོང་གསེབ་ཏུ་ཁྱབ་སྤེལ་གཏོང་བའི་བྱེད་སྒོ་ཐེངས་60དང་ཆེད་དོན་གསོ་སྦྱོང་ཐེངས་5བྱས་ནས་སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས་ཟབ་མོ་མི་སེམས་ལ་འཇགས་པར་བྱས་ཡོད། 2021ལོ་ནས་2025ལོ་བར་གྱི“མངོན་མིན་རིག་གནས་ཤུལ་བཞག་ཉིན་མོའི”དྲིལ་བསྒྲགས་འགྲེམས་ཚོང་བྱེད་སྒོ་ལོ་ལྟར་སྤེལ་བར་དགའ་བསུ་ཆེན་པོ་ཐོབ་ཡོད། མིག་སྔའི་བར་ས་སྐྱས་རྒྱལ་ཁབ་རིམ་པའི་རྣམ་གྲངས་1དང་། རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས་14 གྲོང་ཁྱེར་རིམ་པའི་རྣམ་གྲངས་20 རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་89བཅས་རེ་ཞུ་བདེ་བླག་འབུལ་ཐུབ་ཡོད། ཆེད་དོན་སྲུང་སྐྱོང་མ་དངུལ་གནད་ལ་སྨིན་པོས་སྤྱད་པ་དང་། སྒོར་ཁྲི་34.05བཏང་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ། ཟློས་གར《ཤར་སྤགས་སྒོང》མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་ཐད་སྤྱད་པ་རེད།

    ལྟད་མོ་ཆེ་བའི་བརྙན་ཐུང་དང་ལྟ་ན་སྡུག་པའི་ཡིག་རིས་བརྒྱ་ལྷག་ཙམ་གཙོ་རྒྱུན་སྨྱན་སྦྱོར་ལ་བརྟེན་ནས་ངོ་སྤྲོད་འོས་སྦྱོར་ཤུགས་ཆེན་བྱས་ཤིང་། བོད་སྐྱོར་གྱི་སྦྲེལ་ཟམ་བརྒྱུད། ཤང་ཀང་དང་། ཧྲང་ཧའེ། ནན་ཅིང་སོགས་གྲོང་ཁྱེར་12ལ་རིག་གནས་ཡུལ་སྐོར་ངོ་སྤྲོད་འོས་སྦྱོར་བྱེད་འགོ་ཚུགས་ཡོད། མི་སྣ་གྲགས་ཅན་མགྲིན་ཚབ་པར་གདན་དྲངས་ནས་དེ་བས་དར་སོ་ཆེ་བའི་རྣམ་པའི་ཐོག་ནས་ས་སྐྱའི་གཏམ་རྒྱུད་བརྗོད་བཞིན་ཡོད།

    སྐད་གྲགས་ཆོད་ཤུགས་ཆེ་རུ་ཕྱིན་པས་མི་མང་པོའི་ཡིད་དབང་བཀུག་པ་དང་། དགའ་མོས་བྱེད་མཁན་མང་བས་ཚོང་ལས་ཀྱི་གོ་སྐབས་གསར་པ་ཐོབ་ཅིང་། ཐང་ག་དང་། སྤོས། དངུལ་ཆས། འབག་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་མང་པོ“སོར་རྩེའི་ལག་རྩལ”ནས“ཁྲོམ་རར་བྲིན་ཁ་རྒྱུག་པའི་ཚོང་ཟོག”ཏུ་གྱུར་ཏེ་རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་500ཙམ་བྱུང་ཡོད་པ་རེད།

    རིག་གནས་ཀྱི་རྩིས་ཐོས་མཐར་གཏུགས་ན་རྒྱུན་འཛིན་དང་དེ་བས་གདེང་ཚོད་ཐད་རྩིས་རྒྱག་བཞིན་ཡོད།

    ཞབས་ཞུའི་རྩིས་ཐོ་ཞིག་ལས། འགྲུལ་བཞུད་ཀྱི་གོམ་སྟབས“དལ་དུ་བཏང་བ”

    ད་ཆའི་ས་སྐྱར་རྣམ་པ་གསར་རྐྱང་གི་སྐྱེ་ཁམས་འདམ་རའི་སྤྱི་གླིང་དང་། གཙང་སྦྲ་དོད་ལ་སྟབས་བདེ་བའི་ཡུལ་སྐོར་གསང་སྤྱོད། ནང་དོན་ཕུན་སུམ་ཚོགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་བཅས་ཡོད་པས། གནའ་གྲོང་དེས་མི་རྣམས་ལ་བཞག་པའི་སྔར་ཡོད་བག་ཆགས་ལ་འགྱུར་བ་འགྲོ་བཞིན་ཡོད།

    འདས་ཟིན་པའི་ལོ་ལྔའི་ནང་། ས་སྐྱ་རྫོང་གིས་རིམ་རྩིས་བརྒྱབ་ན་གཙོ་གནད་རིག་གནས་ཡུལ་སྐོར་རྣམ་གྲངས་ཁག་20ལ་སྐུལ་འདེད་བཏང་ཞིང་། མ་དངུལ་སྒོར་དུང་ཕྱུར་6ལྷག་ཙམ་བཏང་བའི་ནང་རྣམ་གྲངས་ཁག་17བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཡོད་པ་རེད།

    གནའ་གྲོང་ས་སྐྱའི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་འཛུགས་གཏོད་ལ་དམིགས་ཏེ། སྒོར་ཁྲི་4200ལྷག་ཙམ་བཏང་ནས་རྣམ་གྲངས་གནད་སྨིན་ལག་ལེན་བསྟར་ཡོད། བློ་ཞིབ་མོས་རིག་གནས་བསམ་བཀོད་ཁྲོམ་ཁུལ་བསྐྲུན་པ་དང་། ཡུལ་སྐོར་བའི་དབྱང་སྣོན་ས་ཚིགས་ཁག་13བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་སྦྲགས། “ས་སྐྱའི་གསོ་རླུང”འགན་སྲུང་སྤུས་རྟགས་བཏོད་པ་རེད།

    དེ་དང་དུས་མཚུངས། ཡུལ་སྐོར་བའི་ལྟེ་གནས་དང་རིག་ལྡན་རླངས་འཁོར་འཇོག་ས་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཤིང་། རླངས་འཁོར་འཇོག་སྐབས་ཁྲིད་སྟོན་བྱེད་པ་ནས་ཡུལ་སྐོར་བློ་འདྲི་བར་དང་། མཚོན་རྟགས་མ་ལག་ནས་འཕྲལ་སྡོམ་འགན་སྲུང་བར། ཞབས་ཞུའི་ནུས་པ་A5རིམ་པའི་ཚད་གཞིར་དཔེ་བལྟས་པ་རེད།

    ས་སྐྱ་རྫོང་གིས“ཟ་སྡོད་འགྲོ་གསུམ་དང་ཡུལ་སྐོར་དང་། ཟོག་ཉོ། རོལ་རྩེད”བཅས་ཕྲེང་སྦྲེལ་ཡོངས་ལ་དམིགས་ཏེ། གནས་ཚང་གསོལ་མགྲོན་ཁང་དང་། ཕུན་ཚོགས་ཁང་བཟང་དམངས་སྲོལ་གནས་ཚང་། ཕུན་ཚོགས་བོད་ལུགས་གསོལ་ཚིགས་ཁང་། རིག་གནས་བསམ་བཀོད་ཁྲོམ་གཞུང་། སྒྱུ་རྩལ་བར་མཐོངས་ས་ཚིགས་སོགས་ཀྱི་གཞི་རྟེན་སྤུས་ལེགས་ཁག་གཅིག་སྐྱེད་སྲིད་བྱས་པ་དང་། ཞག་སྡོད་དང་། བཟའ་བཏུང་། རིག་གནས་བསམ་བཀོད། མྱོང་རོལ་བཅས་གཞི་གཅིག་ཏུ་འདུས་པའི་རིག་གནས་ཡུལ་སྐོར་ཕྱོགས་བསྡུས་སྒྲིག་གཞིའི་གཞི་ཁྱོན་རགས་ཙམ་ཆགས་ཡོད།

    ཉིན་མོར་གནའ་གྲོང་སྐོར་ཞིང་ལྡེབས་རིས་ལ་ལྟ་བ་དང་། མཚན་མོར་བོད་བཟོའི་དམངས་སྲོལ་གནས་ཚང་དུ་སྡོད་པ། ཕུན་སུམ་ཚོགས་པའི་བོད་ཟས་ཀྱི་བྲོ་བ་མྱོང་བ། ས་སྐྱའི་མཚན་ལྗོངས་ལ་ལྟ་ཆོག་གི་ཡོད། གནས་དེར་ཡོང་མཁན་གྱི་ཡུལ་སྐོར་བ་ཡང“ལམ་ཞོར་དུ་ས་སྐྱར་ཡོང་བ”ནས“ས་སྐྱར་སྡོད་པ་དང་། ས་སྐྱར་ཡུལ་སྐོར་བྱེད་པ། ས་སྐྱར་དགའ་ཞེན་བྱེད་པ”བཅས་ཀྱི་བར་འགྱུར་ལྡོག་འགྲོ་བཞིན་ཡོད།

    “ས་ཆ་དེ་ཅི་འདྲའི་མཛེས་པ་ལ་ཨང”ཞེས་དབྱི་ཐ་ལི་ཡི་ཡུལ་སྐོར་བ་ལུའོ་ཧྲ·ཕེར་ཕི་ནི་ཡཱ་ཡིས་དགའ་ཚོར་ཆེན་པོས་བརྗོད་པ་དང་། ཁོང་གིས“ང་ཚོ་ས་ཆ་དེར་དངོས་གནས་དགའ་པོ་ཡོད། དོ་དགོང་འདི་གར་བསྡད་ནས་ས་སྐྱའི་མཚན་ལྗོངས་ལ་ལྟ་བར་འགྲོ་གི་ཡིན”ཞེས་བརྗོད།

    མངོན་གསལ་ཆེ་བའི་མཚོན་རྟགས་དང་། གཙང་སྦྲ་དོད་པའི་ཁྲོམ་གཞུང་། སེམས་རྩ་འཁོལ་བའི་ཞབས་ཞུ་བཅས་ལས། ས་སྐྱའི་ཡིད་དབང་འཕྲོག་ཤུགས་དེ་གནའ་ཤུལ་ཙམ་མ་ཟད། གང་ས་ཅི་ཐད་ནས་མངོན་བཞིན་ཡོད།

    ལམ་ཞོར་དུ་ཡོང་བ་ནས་ཞག་སྡོད་བྱེད་པའི་བར་དང་། ལྟ་སྐོར་ནས་དབྱིངས་ཞུགས་པའི་བར། ས་སྐྱས་སྤུས་ཚད་དང་སེམས་རྩ་འཁོལ་པོར་བརྟེན་ནས་ཡུལ་སྐོར་བའི་ཡིད་ཆེས་ཐོབ་པར་བརྩོན་བཞིན་ཡོད།

    ཞབས་ཞུའི་རྩིས་ཐོས་མཐར་གཏུགས་ན་ཀུན་གྱི་བསྔགས་བརྗོད་དང་དེ་བས་མི་སེམས་འགུགས་པའི་ཐད་རྩིས་རྒྱག་བཞིན་ཡོད།

    དམངས་འཚོའི་རྩིས་ཁྲ་ཞིག་ལས། མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་པ།

    ས་སྐྱ་རྫོང་གི་རིག་གནས་བསམ་བཀོད་ཁྲོམ་གཞུང་དུ། ས་སྐྱ་རྫོང་གི་ལྷ་བསོད་བཀྲ་ཤིས་སྲོལ་རྒྱུན་ཞལ་འབག་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཚོང་ཁང་ནང་། སྦྱིན་བདག་བཀྲ་ཤིས་ཀྱིས་ཡུལ་སྐོར་བ་ཚོར་འབག་བཟོ་རིང་གི་ལྟེ་བའི་ལག་རྩལ་སློབ་བཞིན་མཆིས། ཟོག་སྒྲོམ་ཐོག་གི་སྲོལ་རྒྱུན་གྱི་ནང་དོན་དང་སྲོལ་གསར་གྱི་འཆར་འགོད་ལྡན་པའི་འབག་དག་གིས་ཡུལ་སྐོར་བ་ཚོའི་ཡིད་དབང་ཅིག་ཅར་དུ་འཕྲོག་ཅིང་། ལག་ཤེས་གང་དེས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཐུབ་པ་མ་ཟད། ད་དུང་མང་ཚོགས་ལའང་འབབ་འཕར་གྱི་ཐབས་ལམ་ཡངས་པོ་ཞིག་བཏོད་ཡོད་པ་རེད།

    རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཞལ་འབག་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས། བཀྲ་ཤིས་ཀྱིས་ལག་ཤེས་རྙིང་པས་དུས་རབས་གསར་པའི་རྗེས་ཆོད་པ་བྱ་ཆེད། འཆམ་འཁྲབ་སྐབས་གྱོན་པའི་འབག་ཆེན་པོ་དེ་དག་བློ་ཁོག་ཆེན་པོས་ཆུང་ལ་རྒྱན་སྤྲོས་བདེ་བ་མ་ཟད། ཉར་ཚགས་བྱེད་སླ་བའི་རིག་གནས་བསམ་བཀོད་ཐོན་རྫས་ཤིག་ཏུ་འགྱུར་ཡོད།

    2025ལོར་ཚོང་ཁང་ཆུང་ཆུང་དེའི་ཡོང་འབབ་སྒོར་ཁྲི་20ཟིན་ཡོད།

    ད་ཕན་ལོ་ཤས་རིང་། ས་སྐྱ་རྫོང་གིས“ཁེ་ལས་དང་། གྲོང་ཚོའི་མཉམ་སྡེབ། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་ལས་ཞུགས་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། མང་ཚོགས་དེ་བས་མང་བར་རང་ཁྱིམ་གྱི་སྒོ་རྩ་ནས་ཡུལ་སྐོར་གྱི་ཕན་པ་ལོངས་སུ་སྤྱོད་ཐུབ་པ་བྱས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལོ་ལྔའི་ནང་རྫོང་དེ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ལས་ཞུགས་ལས་གནས་ཁག་417མཁོ་འདོན་བྱས་ཏེ། ཐེམ་ཁོངས་ས་སྐྱ་རྫོང་ནས་ཡིན་པའི་མང་ཚོགས་360ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པས། འབབ་འཕར་སྒོར་ཁྲི་2200ལྷག་ཙམ་བྱུང་ཡོད་པ་རེད།

    ས་སྐྱ་རྫོང་གི་ཐོན་རྫས་ཡག་པོ་དག་ཕྱིར་འཚོང་ཡག་པོ་ཐུབ་ཆེད། “ལེགས་གསུམ་གཅིག་སྡུད”ཀྱི་ཀུང་སི་སོགས་གསར་དར་སྟོབས་ཤུགས་ཀྱང་དེའི་ནང་ཞུགས་ཡོད། ཁེ་ལས་ཀྱི་འགན་འཁུར་བས་རྒྱུན་གཏན་གྱི་ཐད་གཏོང་ཕུད། ད་དུང་རྒྱུན་འཛིན་པའི་ཁྱིམ་དུ་བསྐྱོད་ནས། དེང་རབས་ཀྱི་མཛེས་དཔྱོད་སྲོལ་རྒྱུན་གྱི་ལག་ཤེས་ནང་མཉམ་འདྲེས་ཇི་ལྟར་བྱས་ནས་ཐོན་རྫས་ལ་མཛེས་རྒྱན་ནུས་པ་དང་གོ་ཆོད་ནུས་པ་དེ་བས་ལྡན་པར་མཉམ་དུ་གྲོས་བསྡུར་བྱེད་ཀྱི་ཡོད།

    “2025ལོར་ས་སྐྱར་ཐད་གཏོང་བྱས་པ་བརྒྱུད། ང་ཚོར་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་བྱུང”ཞེས་འགན་འཁུར་བས་ངོ་སྤྲོད་བྱས། དྲ་ལམ་བརྒྱུད་གངས་ལྗོངས་ས་མཐོ་དང་རྒྱ་ཆེའི་ཁྲོམ་ར་སྦྲེལ་མཐུད་ཐུབ་ནས། ས་སྐྱའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་ཁྱིམ་ཚང་དེ་བས་མང་བར་ཁྱབ་སྤེལ་ཐུབ་ཡོད།

    དམངས་འཚོའི་རྩིས་ཐོས་མཐར་གཏུགས་ན་འབྱོར་ཕྱུག་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐད་རྩིས་རྒྱག་བཞིན་ཡོད།

    འགོ་འཛུགས་ས་གསར་པར། ས་སྐྱ་རྫོང་གི་འཕེལ་རྒྱས་ཀྱི་ཐབས་ལམ་དེ་བས་ཁ་གསལ་དུ་ཕྱིན་ཞིང་། བརྟན་སྲུང་དང་གསར་གཏོད་ཁྲོད། “གངས་ལྗོངས་ཀྱི་ཏུན་ཧོང་། ལོ་ངོ་སྟོང་གི་ས་སྐྱའི”སྤུས་རྟགས་མུ་མཐུད་བཏོད་དེ། རྩིས་ཐོ་ཁག་གསུམ་རྩིས་ཇི་ཙམ་བརྒྱབ་ན་དེ་ཙམ་གྱིས་ཁ་གསལ་དུ་འགྲོ་བ་མ་ཟད། ཡོང་འབབ་ཀྱང་མང་དུ་ཕྱིན་ནས། རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།