དངུལ་རྩའི་ཞབས་ཞུས་དམངས་ལ་དྲོ་སྐྱིད་སྦྱིན།
2026ལོ་འཁོར་གྱི“ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པའི་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང“སྐལ་བཟང་མེ་ཏོག”དངུལ་རྩའི་ཞབས་ཞུ་རུ་ཁག་གི་སྐོར་བཀོད་པ།
ད་ལོའི་ཟླ་བ་བཞི་པར། པེ་ཅིང་ནས་གཏམ་བཟང་ཞིག་གྲགས་ཤིང་། དེ་ནི་ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི“སྐལ་བཟང་མེ་ཏོག”དངུལ་རྩའི་ཞབས་ཞུ་རུ་ཁག་ལ་2026ལོ་འཁོར་གྱི“ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པ་དེ་རེད། ལོ་35མན་གྱི་གཞོན་ནུའི་བསྡུར་ཚད་ཀྱིས་77%ཟིན་པའི་དཔུང་ཁག་དེས“དམངས་ལ་དངུལ་རྩའི་ཞབས་འདེགས་ཞུ་བའི”ཐོག་མའི་བསམ་འདུན་བརྟན་པོར་བཅངས་ནས་གྲོང་ཁྱེར་དང་གྲོང་གསེབ་ལ་གཞི་ཚུགས་པ་དང་། “ཞིང་གསུམ”ལ་ཞབས་འདེགས་ཞུ་བ། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ཕྲག་ཏུ་ཁུར་ཏེ་གངས་ལྗོངས་ཀྱི་ས་གཞི་ཆེ་མོར་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་ལང་ཚོར་བརྟེན་ནས་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད།
དངུལ་རྩའི་ཞབས་ཞུའི་དྲོ་སྐྱིད་དམངས་ཀྱིས་ཚོར་བར་བྱས་པ།
ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་ལོ་82ལ་སླེབས་པའི་བགྲེས་སོང་དབང་མོ་དུས་རྒྱུན་རྐང་པ་ཐང་པོ་མེད་པའི་དབང་གིས་ལོ་འཁོར་མོར་ཉལ་སར་ལུས་སྟབས། རང་ཉིད་ཀྱི་དངུལ་ཁང་གཱ་ཡི་ཉོ་ཚོང་གསལ་ཐོ་དང་གསང་ཨང་གསར་པ་བཟོ་དགོས་ཀྱི་ཡོད། “སྐལ་བཟང་མེ་ཏོག”དངུལ་རྩའི་ཞབས་ཞུ་རུ་ཁག་གིས་ཉིན་དེར་སྒུལ་བདེའི་སྤྱོད་སྣེ་ཁྱེར་ནས་སྒོ་རྩར་བསྐྱོད་དེ། བགྲེས་སོང་ཁྱིམ་དུ་ཐོབ་ཐང་ཞིབ་དཔྱད་དང་གསང་ཨང་གསར་པ་བཟོས་ཏེ། དངུལ་ལྷག་གྲངས་ལྟ་སྟངས་དང་དངུལ་སྒྱུར་ཐབས་རེ་རེ་བཞིན་བསླབས་ཤིང་། བགྲེས་སོང་དབང་མོས“རྗེས་མ་ཕྱིར་འགྲོ་མི་དགོས་པར་ཁ་པར་ནས་དངུལ་ལྷག་གྲངས་ག་ཚོད་ཡོད་མེད་ལྟ་བ་དང་དངུལ་སྒྱུར་ཆོག་པས། ཁྱེད་ཚོའི་ཞབས་ཞུ་དངོས་གནས་སེམས་རྩ་འཁོལ་པོ་འདུག”ཅེས་བརྗོད།
ཞབས་ཞུ་དེ་ནི་དངུལ་རྩའི་ལས་སྒོ་ཙམ་མིན་པར་ད་དུང་སྤྱི་ཕན་རོགས་སྐྱོར་དང་གཅེས་སྐྱོང་གི་བྱ་བ་ཆུང་ཙག་སྒྲུབ་པའང་ཚུད་ཡོད། བོད་ལྗོངས་ཤིང་ཀོང་སྤྱི་ཚོགས་ལས་དོན་ལྟེ་གནས་ཀྱིས“བུ་ཕྲུག་ལ་མཉམ་སྤྱོད”ཅེས་པའི་ཁེར་སྡོད་ནུས་ཤོར་རྒན་རྒོན་གྱི་རྒན་གསོའི་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་རྗེས། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི“སྐལ་བཟང་མེ་ཏོག”དངུལ་རྩའི་ཞབས་ཞུ་རུ་ཁག་གིས་འཕྲལ་དུ་དང་ལེན་ཧུར་ཐག་ཞུས་ཏེ། མིང་ཐོ་འགོད་མཁན་མང་པོའི་ཁྲོད་ནས་ཁག་དང་པོའི་དང་བླངས་པ་5བདམས་པ་ཚང་མ་ཞིང་ལས་དངུལ་ཁང་ནས་ཡོང་བ་ཤ་སྟག་ཡིན་པ་རེད།
ད་དུང་ཁོང་ཚོས་དཀའ་ངལ་ཆེ་དུས་འཕྲལ་མར་རོགས་སྐྱོར་བྱེད་པར་ཡོང་གི་ཡོད། 2025ལོའི་ཟླ་བ་དང་པོར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། ཞིང་ལས་དངུལ་ཁང་དིང་རི་རྫོང་ཉིང་ལག་དངུལ་ཁང་གིས་འཕྲལ་མ་ཉིད་དུ“སྦྲ་གུར་དངུལ་ཁང”བཙུགས་ནས་སྟབས་བདེའི་ཁང་པར་ལས་སྒོ་གཉེར་བ་མ་ཟད། “སྐལ་བཟང་མེ་ཏོག”དངུལ་རྩའི་ཞབས་ཞུ་རུ་ཁག་གིས་སྐོར་སྐྱོད་ཞབས་ཞུ་ཐེངས་300ལྷག་ཙམ་བྱས་ཏེ་དངུལ་བུན་ཁག་2684ལ་དུས་འགྱངས་དངུལ་བུན་འཇལ་བའི་འགྲོ་ལུགས་གཉེར་བར་སྒོར་དུང་ཕྱུར་5ཙམ་ཟིན་པ་དང་། སྒོ་རྩར་བསྐྱོད་ནས་ཡུལ་མིའི་ས་ནས་སྒོར་ཁྲི་390བསྡུས་ཡོད། “སྐལ་བཟང་མེ་ཏོག”དངུལ་རྩའི་ཞབས་ཞུ་རུ་ཁག་གི་རོགས་རམ་འོག གྲམ་མཚོ་ཤང་དུ་ཇ་ཁང་གཉེར་མཁན་ཉི་མ་ཚེ་རིང་ལ་དངུལ་བུན་སྒོར་ཁྲི་30རག་ནས་ཇ་ཁང་བསྐྱར་སྐྲུན་ཐུབ་སྟེ། ལོ་དེར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང་ཡོད།
སེམས་རྩ་འཁོལ་པོས་དངུལ་རྩའི་ཞབས་ཞུའི“མཐའ་མའི་འགག་གནད”བསལ་བ།
ལོ་མང་རིང་། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཐོག་མཐའ་བར་གསུམ་དུ་ཐག་རིང་ལུང་ཁུག་གི་གྲོང་གསེབ་དང་ཞིང་འབྲོག་པའི་དངུལ་རྩའི་དགོས་མཁོར་དམིགས་ཡོད། “སྐལ་བཟང་མེ་ཏོག”དངུལ་རྩའི་ཞབས་ཞུ་རུ་ཁག་གིས“3+2”ཀྱི་ཁྱད་ལྡན་ཞབས་ཞུ་བྱེད་སྟངས(གཟའ་འཁོར་རེར་ཉིན་3དྲ་ཚིགས་སུ་ལས་གནས་མཐའ་འཁྱོངས་དང་། ཉིན་2གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ)གསར་གཏོད་དང་རྒྱུན་འཛིན་བྱས་ཏེ། ལོར་ཆ་སྙོམས་སྐོར་སྐྱོད་ཞབས་འདེགས་ཐེངས་ཁྲི་2ལྷག་ཙམ་ཞུས་པས། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་5234ལ་གཞི་རྩའི་དངུལ་རྩའི་ཞབས་ཞུ་ཁྱབ་ཐུབ་པ་བྱུང་བ་དེས། དེ་སྔ་ཞིང་འབྲོག་པ་ཐག་རིང་དུ་ལས་སྒོ་གཉེར་བར་འགྲོ་དགོས་པའི་དཀའ་ངལ་རྦད་དེ་བསལ་ཐུབ་ཡོད།
ལེགས་རྩེ་འགག་སྒོར“སྐལ་བཟང་མེ་ཏོག”དངུལ་རྩའི་ཞབས་ཞུ་རུ་ཁག་གིས་ལམ་བར་དུ་ཆུ་སྒྲོལ་མི་ཐུབ་པའི་རླངས་འཁོར་མཐོང་སྐབས། རུ་མི་ཚོས་མར་བབས་ནས་རོགས་རམ་བྱས་པ་དང་། གྱོན་གོས་རློན་པ་ཆགས་ཀྱང་བརྗེ་ཁོམ་མེད་པར་ནེ་པ་ལའི་དངུལ་ལོར་བརྗེ་བའི་ལས་སྒོར་ཞུགས་ཏེ་ནེ་པ་ལའི་ལུ་པི་དངུལ་ལོར་སྒོར་ཁྲི་3800ལྷག་ཙམ་མི་དམངས་ཤོག་སྒོར་ལ་བརྗེས་ཡོད། ཚོང་པ་ཟླ་བས“དེ་སྔ་དངུལ་ལོར་བརྗེ་བར་རི་ལམ་སྤྱི་ལེ་བཅུ་ཕྲག་ཁ་ཤས་འགྲོ་དགོས་ཀྱང་། ད་ཆ་ཞིང་ལས་དངུལ་ཁང་གིས་ཞབས་ཞུ་སྒོ་རྩར་སྒྲུབ་པར་ཡོང་གི་འདུག”ཅེས་བརྗོད།
དངུལ་རྩར་བརྟེན་ནས་མཐའ་དར་དམངས་ཕྱུག་ཡོང་བར་བྱས་པ།
མངའ་རིས་ས་ཁུལ་གྱི་བདེ་མཆོག་གྲོང་ཚོ་ནི“མཐའ་སྲུང་མཐའ་བརྟན་གྱི་གྲོང་ཚོ་དང་པོ”རེད། དབང་པོ་སྐྱོན་ཅན་ཉི་མ་ལྷ་མོར་དེ་སྔ་ལས་གཏོད་བྱེད་སེམས་ཡོད་ཀྱང་ཁྱིམ་ཚང་དབུལ་བའི་རྐྱེན་གྱིས་བསམ་དོན་འགྲུབ་མེད། ཞིང་ལས་དངུལ་ཁང་གི་གཞོན་ནུ་ལས་བྱེད་པས་རང་འགུལ་ངང་སྒོ་རྩར་ཡོང་ནས་ཉི་མ་ལྷ་མོར“མཐའ་བརྟན་དངུལ་བུན”གཡར་ཏེ་ཚོང་ཁང་དང་ཇ་ཁང་འཛུགས་རོགས་བྱས་ཡོད། ད་ཆ་ཉི་མ་ལྷ་མོ་དབུལ་སྒྲོལ་བྱུང་བ་མ་ཟད། རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བར་ཡང་གྱུར་ཡོད།
མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོར་འདེགས་སྐྱོར་བྱ་ཆེད། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་གཞོན་ནུ་ལས་བྱེད་པ་ཚོས“མཐའ་བརྟན་གྱི་ཡིད་རྟོན་སྐར་གསོག”གི་ལམ་ལུགས་གསར་པ་བཟོས་ཏེ། མཐའ་མཚམས་ལ་སྐོར་སྲུང་བྱེད་པ་དེ་གྲངས་བཅད་ཆོག་པའི་ཡིད་རྟོན་དུ་སྒྱུར་བའི་ཁར། དངུལ་རྩའི་འབྲེལ་ཐག་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་གཞི་རྩ་བརྟན་དུ་བཏང་ཡོད། མཐའ་མཚམས་རྫོང་ཁག་གི་ཉིང་ལག་དངུལ་ཁང་གིས་བསྡོམས་རྩིས་བརྒྱབ་ན“དངུལ་རྩའི་ཤེས་བྱ་མཐའ་མཚམས་སུ་ཁྱབ་གདལ་གཏོང་བའི”གཅིག་སྡུད་དྲིལ་བསྒྲགས་ཐེངས་150ལྷག་ཙམ་བྱས་པ་དང་། བོད་ཀྱི་མཐུན་སྒྲིལ་བརྟན་ལྷིང་གི་དངུལ་རྩའི་གདོང་དམག་ཧུར་ཐག་བྱས་པར། རིམ་པ་ཁག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པའི་མཚན་སྙན་112ཐོབ་ཡོད།
ལྷ་ས་སྟོད་ལུང་བདེ་ཆེན་ཆུས་སྐྱེལ་འདྲེན་ཀུང་སི་ཞིག་གི་སྦྱིན་བདག་ཐང་གིས་ལས་སྒོ་རྒྱ་སྐྱེད་གཏོང་རིང་མ་དངུལ་ཁ་ཐང་བར་བརྟེན། “སྐལ་བཟང་མེ་ཏོག”དངུལ་རྩའི་ཞབས་ཞུ་རུ་ཁག་གིས་ཉིན་གཉིས་པར་ཁོང་གི་ཁྱིམ་དུ་བསྐྱོད་ནས་ཟོག་ཐོས་ཁེངས་པའི་གཞུང་ལས་ཁང་དུ་ཞིབ་བསྡུར་དང་དྲ་ཐོག་ནས་རེ་ཞུ་སོགས་བྱེད་པར་མཛུབ་ཁྲིད་བྱས་པས། ཉིན་གཉིས་ཚུན་དུ“ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན”སྒོར་ཁྲི་167རག་ཡོད།
དོན་དག་རེ་རེ་བཞིན་འགྲུབ་པ་ཚང་མ་ནི་ཞིང་ལས་དངུལ་ཁང་གི་ལས་མིའི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་རེད་ལ། མི་དམངས་ལ་ཞབས་འདེགས་ཞུས་པའི་ཁོང་ཚོའི་བྱས་རྗེས་ཤིག་ཀྱང་རེད། 2025ལོའི་ལོ་མཇུག་བར། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཞིང་འབྲེལ་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་628.07ཟིན་པ་དང་། “སྐལ་བཟང་མེ་ཏོག”དངུལ་རྩའི་ཞབས་ཞུ་རུ་ཁག་གིས་དངུལ་རྩའི་མཐའ་སྲུང་ལས་དོན་གྱི་ཞབས་ཞུའི་བྱ་ཐབས་དོན་ཚན་28དང་ཁྱད་ལྡན་ཐོན་རྫས་20ལྷག་ཙམ་བཏོན་པར། ཞིང་འབྲོག་པ་98%ལ་ཕན་པ་ཐོབ་ཡོད་ཅིང་། ཁོང་ཚོའི་དངུལ་རྩའི་མཐའ་སྲུང་ལག་ལེན་གྱི་པར་རིས་དག་བོད་ལྗོངས་རྟེན་མཛོད་ཁང་གིས་ཉར་ཚགས་ཀྱང་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།