ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་འགོ་ཚུགས་ལམ་ལྷོངས་བྱུང་བ།
བློ་སྒྲིལ་སེམས་སྐྱེད་ཀྱིས་འཆར་གཞི་ཡག་པོ་འགོད། དངོས་སྒྲུབ་དོན་འཁྱོལ་གྱིས་རྒྱང་ལམ་གསར་པར་སྐྱོད།
ཉེ་ཆར། གསར་འགོད་པས་ལྷོ་ཁ་ཟངས་རི་རྫོང་གི་གཙོ་གནད་རྣམ་གྲངས་མང་པོའི་འཛུགས་སྐྲུན་ལས་ཡུལ་དུ་བཅར་འདྲིར་སྐྱོད་སྐབས“འགོ་རྩོམ་པ་ནི་རྒྱལ་ཕམ་ཐག་གཅོད་ཀྱི་དམག་འཐབ་དང་གོམ་པ་སྤོ་འགོ་ཚུགས་པ་ནི་མཐའ་མའི་གདོང་མཆོང་ཡིན་པའི”འབད་འབུངས་མདུན་སྐྱོད་ཀྱི་ངར་ཤུགས་ཤིག་ཚོར་བ་ཙམ་མ་ཟད། “མང་ཚོགས་ཀྱི་བློ་ལ་བབ་པའི་བྱ་བ་དངོས་སྒྲུབ་པའི”དམངས་འཚོའི་དྲོ་སྐྱིད་དེ་བས་ཀྱང་ཚོར་བྱུང་། ཟངས་རི་རྫོང་གིས་སྤུས་ཚད་མཐོ་བའི་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་དངོས་སྒྲུབ་དང་ཕན་པ་དངོས་ལ་བརྟེན་ནས་2026ལོར་འགོ་ཡག་པོ་འཛུགས་རྒྱུར་གདོང་མཆོང་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ཟངས་རི་རྫོང་གིས་དུས་ཚིགས་དང་པོར་རྣམ་གྲངས་31ལས་འགོ་འཛུགས(བསྐྱར་ཚུགས)རྩིས་ཡོད་པ་དང་བསྡོམས་མ་དངུལ་སྒོར་དུང་ཕྱུར་4.69གཏོང་རྩིས་ཡོད་པ་དེས་ལས་འགོ་ཚུགས་པ་དང་བསྐྱར་ཚུགས་བྱེད་ཚད་ཀྱི་96%ཟིན་ཡོད།
རོང་ཤང་འཕྲིན་པ་གྲོང་ཚོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་དུ་ཨར་འདམ་ཕུམ་འཁོར་གྱི་ལྡིར་སྒྲ་དང་ས་བླུག་འཕྲུལ་འཁོར་ཕར་འགྲོ་ཚུར་འོང་བྱེད་པའི་སྒྲ་བར་མེད་དུ་གྲགས། བཟོ་པ་ཚོས་བྲེལ་བརྩོན་ཆེན་པོས་སྡོད་ཁང་གི་རྨང་གཞིའི་འདེགས་སྟེགས་དང་གདུང་ཐུང་སོགས་ལ་ཨར་འདམ་གྱི་ལུགས་རྒྱག་བཞིན་ཡོད་པས་ཁེར་རྐྱང་གི་རྨང་གཞིའི་ཨར་སྐྲུན་ཕྱོགས་ཡོངས་ཀྱི་མྱུར་ཚད་མགྱོགས་སུ་ཕྱིན་ཡོད།
“རྣམ་གྲངས་དེར་བསྡོམས་མ་དངུལ་སྒོར་ཁྲི་3600ལྷག་ཙམ་བཏང་བ་དེ་ཡུལ་མི་དུད་ཚང་45སྤྱི་ཡོངས་ནས་གནས་སྤོ་བྱེད་པ་དང་འབྲེལ་བ་ཡོད”ཅེས་རྣམ་གྲངས་ཀྱི་འགན་འཁུར་བས་གསར་འགོད་པར་བཤད། དཔྱིད་དུས་ཨར་སྐྲུན་བྱེད་པའི་དུས་སྐབས་བཟང་ཤོས་ལ་དམ་འཛིན་ནན་པོ་བྱ་ཆེད། ཁོང་ཚོས་ལས་མི་དང་འཕྲུལ་ཆས་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་ཏེ་ལས་འགོ་ཚུགས་མ་ཐག་ལས་ཕྱོད་མཐོ་ཤོས་ཐོན་པའི་འགན་ལེན་བྱེད་ཀྱི་ཡོད། མིག་སྔར་རྨང་གཞིའི་ཨར་སྐྲུན་20%ལེགས་གྲུབ་ཟིན་ནས་སྔོན་དཔག་ལྟར་ན་ད་ལོའི་ཟླ་12པར་སྡོད་ཁང་རྩིས་སྤྲོད་ཐུབ་རྒྱུ་རེད།
རྣམ་གྲངས་བསྐྲུན་རྗེས་དེ་གའི་མང་ཚོགས་ཀྱི་སྡོད་གནས་ཀྱི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཏེ་གྲོང་གསེབ་དར་རྒྱས་ལ་སྒུལ་ནུས་གསར་པ་སྣོན་རྒྱུ་རེད། ལས་ཡུལ་གྱི་འགྲམ་དུ་ཨར་སྐྲུན་ལ་ལྟ་བཞིན་པའི་ཡུལ་མི་བཀྲ་ཤིས་དོན་གྲུབ་ཀྱིས“སྲིད་གཞུང་གིས་སྡོད་ཁང་ཇི་ལྟར་བསྐྲུན་རྒྱུ་དང་གང་དུ་བསྐྲུན་རྒྱུའི་ཐད་ང་ཚོའི་བསམ་འཆར་ཉན་པས་ལས་གྲྭ་དེ་འདྲར་ང་ཚོས་སེམས་གཏིང་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན”ཞེས་བཤད།
བསྡོམས་མ་དངུལ་སྒོར་ཁྲི་3700ལྷག་ཙམ་བཏང་བའི་ཟངས་རི་རྫོང་གི་ལས་བྱེད་ལས་བཟོའི་གཅིག་སྡུད་གསོ་རླུང་མཁོ་འདོན་རྣམ་གྲངས་དེ་ཕྱོགས་ཡོངས་ནས་རྩིས་ལེན་པའི་མཐའ་མའི་དུས་སུ་སླེབས་ཡོད། གསར་འགོད་པས་ལས་ཡུལ་དུ་བཟོ་པ་ཚོས་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་དང་ལས་མཇུག་བསྡུ་བའི་ལས་ཀ་བསྒྲུབས་ཏེ་གསོ་རླུང་གི་གར་ཚད་རྒྱུན་མཐུད་ཚད་གཞི་ལོངས་ཐུབ་པའི་འགན་ལེན་བྱེད་པ་མཐོང་བྱུང་།
ས་མཐོའི་དོན་དངོས་ལ་དམིགས་པའི་གཙོ་གནད་དམངས་འཚོའི་ལས་གྲྭ་ཞིག་ཡིན་པའི་རྣམ་གྲངས་དེས་PSAའདུས་རྡུལ་འཚག་སྤྱད་ཀྱི་གསོ་རླུང་མཁོ་འདོན་ལག་རྩལ་སྤྱད་ནས་གསོ་རླུང་འཁོར་ཁང་30ལྷག་ཙམ་བསྐྲུན་པ་དང་གཟུགས་བགོས་རྣམ་པའི་གསོ་རླུང་འཕྲུལ་འཁོར་20ལྷག་ཙམ་སྡེབ་སྒྲིག་བྱས་ཏེ་རྫོང་ཡོངས་ཀྱི་གསོ་རླུང་སྤྱོད་ཡུལ་ཚང་མར་ཁྱབ་པར་བྱས་ཡོད།
གསར་འགོད་པར་ཤེས་རྟོགས་བྱུང་བར། རྣམ་གྲངས་ཀྱིས་འཆར་འགོད་ཀྱི་ཐོག་མའི་དུས་སུ“ཀུན་ཕན་མཉམ་སྤྱོད”ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ལས་བྱེད་ལས་བཟོར་ཁྱབ་པར་བྱས་པ་མ་ཟད། མང་ཚོགས་ལ་ཕྱོགས་པའི་ཞབས་ཞུའི་མཐུད་ཁ་སྔོན་འཇོག་བྱས་ཡོད་པ་རེད།
རྫིང་ཕྱི་ཤང་འཕྲོད་བསྟེན་ཁང་གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་དུ་བཟོ་པ་ཚོས་ནུས་ཤུགས་གང་ཡོད་ཀྱིས་བདེ་འཇགས་ཀྱི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་དུས་དམ་འཛིན་དང་མྱུར་ཚད་མགྱོགས་སུ་གཏོང་བཞིན་ཡོད། མིག་སྔར་རྣམ་གྲངས་དེ་ཕྱི་ནང་གྱང་ངོས་ཨར་སྐྲུན་གྱི་དུས་མཚམས་སུ་སླེབས་པ་དང་སྔོན་དཔག་ལྟར་ན་ད་ལོའི་ཟླ་10པར་བེད་སྤྱོད་གཏོང་འགོ་ཚུགས་རྒྱུ་རེད།
ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་རྣམ་གྲངས་དེ་ད་རེས་བསྐྱར་སྐྲུན་རྒྱས་སྐྲུན་བྱས་རྗེས་དེ་སྔ་འཕྲོད་བསྟེན་ཁང་གཞི་ཁྱོན་ཆུང་བ་དང་སྒྲིག་བཀོད་རྙིང་པ་ཡིན་པའི་རྣམ་པར་འགྱུར་ལྡོག་གཏོང་རྒྱུ་རེད། ནད་ཁང་དང་སྨན་བཅོས་ཁང་མང་དུ་ཕྱིན་པ་ལས་སྨན་བཅོས་ཀྱི་རྨང་གཞིའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཏེ་ས་གནས་དེ་གའི་མང་ཚོགས་4000ལྷག་ཙམ་གྱི་སྨན་པ་བསྟེན་པའི་ཉམས་ལེན་ལེགས་སུ་འགྲོ་རྒྱུ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔར་ཟངས་རི་རྫོང་གིས་ནུས་ཤུགས་ཡོད་རྒུས་འགོ་ཚུགས་ལམ་ལྷོངས་ཡོང་བའི་ངར་ཤུགས་ལ་བརྟེན་ཏེ་ལས་རིམ་གསལ་འགོད་དང་འཐབ་ས་དང་པོར་བཀོད་གཏོང་བྱས་ནས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་གྱི་དཀའ་གནད་སེལ་གང་ཐུབ་བྱེད་བཞིན་ཡོད་མོད། ཡིན་ནའང་དེ་གའི“ལས་རིམ་གསལ་འགོད”ནི་མྱུར་ཚད་གསལ་འགོད་ཙམ་མ་ཟད། དེ་བས་ནི་འགན་འཁྲི་གསལ་འགོད་དང་དམངས་འཚོའི་གསལ་འགོད་ཅིག་ཡིན་པ་དང་། དེ་གའི“འཐབ་ས་དང་པོའི་བཀོད་གཏོང”ནི་ཨར་སྐྲུན་གྱི་མྱུར་ཚད་ཙམ་མ་ཟད། དེ་བས་ནི་མང་ཚོགས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་བློ་ཡིད་འཚིམ་ཚད་དེ་རེད།
འཕྲིན་པ་གྲོང་ཚོའི་སྡོད་ཁང་གསར་པར་སྤོ་བ་ནས་གསོ་རླུང་མཁོ་འདོན་རྣམ་གྲངས་རྩིས་ལེན་པའི་མཐའ་མའི་གདོང་མཆོང་བར་དང་། དེ་ནས་རྫིང་ཕྱི་ཤང་གི་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང་སོགས་བར། ཟངས་རི་རྫོང་གིས་བྱ་སྤྱོད་དངོས་ལ་བརྟེན་ནས“བྱས་འབྲས་ཐོབ་པར་ངས་མི་རྩོད་པའི”བསམ་བློའི་འཁྱེར་སོ་དང“བྱས་རྗེས་འཇོག་པར་ང་ཡིས་འབད་པའི”འགན་འཁྲི་འཁུར་སེམས་གསལ་འགྲེལ་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།