དབུ་ཤོག
  • འཐབ་ཇུས་བཀོད་སྒྲིག་ཧུར་ཐག་བྱས། གསར་གཏོད་རྨང་གཞི་བརྟན་དུ་བཏང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཝུའུ་གཡོད་ཧུའེ། ལིའུ་ཧྲི་ཡའོ། ཀྲའོ་ཡུང་ཤིན།   |     སྤེལ་དུས།  2026-05-08

    ཉིན་ཤས་གོང་། ཀོང་ཏུང་ཧྲེན་ཀྲེན་གསོ་རིག་ཚན་རིག་ཁང་གི་ཡན་ཉིང་ཚོགས་པས་ཆིང་ཧྭ་སློབ་ཆེན་གྱི་ཚོགས་པ་དང་མཉམ་འབྲེལ་བྱས་ནས་མངར་ཆའི་གྲུབ་ཚུལ་སྐྱེ་དངོས་རིག་པའི་ཁྱབ་ཁོངས་སུ་འགག་རྩའི་ཚད་བརྒལ་བྱུང་ཞིང་། དེ་ཡང་རང་བྱུང་མངར་ཆའི་འདུས་གྲུབ་དངོས་རྫས་ལ་ཞིབ་འཇུག་བྱེད་པ་དེ་རྡུལ་ཕྲན་རིམ་པའི་འབྱེད་ཚད་ཀྱི་རིམ་པ་དང་ཉེ་བའི་སར་སྐུལ་འདེད་བཏང་ཐུབ་ནས། རྙོག་འཛིང་ཆེ་བའི་རང་བྱུང་མངར་ཆའི་གཞི་ཁྱོན་ཆེ་བའི་གྲུབ་ཚུལ་ལ་ཞིབ་འཇུག་བྱེད་པར་བརྟག་ཐབས་རིག་པའི་འདེགས་སྐྱོར་བྱས་ཡོད།

    ཟླ་4ཚེས་30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པའི་བཞུགས་མོལ་ཚོགས་འདུའི་ཐོག “རྨང་གཞིའི་ཞིབ་འཇུག་ནི་ཚན་རིག་མ་ལག་ཧྲིལ་པོའི་འབྱུང་ཁུངས་དང་ལག་རྩལ་གྱི་གནད་དོན་ཡོད་ཚད་ཀྱི་གནད་འགག་གལ་ཆེན་ཞིག་ཡིན་པས། ཤུགས་ཚད་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་སྤྱད་ནས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་རང་རྒྱལ་གྱི་ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་བཏང་སྟེ། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་དུ“རྨང་གཞིའི་ཞིབ་འཇུག་གི་འཐབ་ཇུས་རང་བཞིན་དང་། རྒྱང་ལྟའི་རང་བཞིན། མ་ལག་ཅན་གྱི་བཀོད་པ་བཅས་ལ་ཤུགས་སྣོན་བརྒྱབ་ནས། དམིགས་ཚད་ཀྱི་སྟོན་ཕྱོགས་དང་རང་མོས་འཚོལ་ཞིབ་ཀྱི་རྨང་གཞིའི་ཞིབ་འཇུག་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད།

    བཟོ་བཅོས་བརྒྱབ་རྗེས་ཀྱི《རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩའི་སྲོལ་ཡིག》ན་ནིང་ལོ་སྟོད་ནས་ལག་ལེན་བསྟར་འགོ་ཚུགས་པ་དང་། རྒྱལ་ཁབ་ཀྱི་སྲིད་འཛིན་ཁྲིམས་སྲོལ་གྱི་རིམ་ངོས་ནས་ཚན་རིག་ཐེབས་རྩའི་སྣ་མང་ཅན་གྱི་མ་འཇོག་ལམ་སྲོལ་ལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་གསར་རྩོམ་དང་ཞིབ་འཇུག་ལ་སྐུལ་ལྕག་གཏོང་བ་དང་ཆེད་དོན་མ་དངུལ་བཙུགས་ནས་གཞོན་ནུ་ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས་པ་ཁ་གསལ་བཏོན་ཡོད། པེ་ཅིང་དང་། ཧྲང་ཧའེ། ཅང་སུའུ་སོགས་ས་གནས་ཀྱིས་ཀྱང་རང་ངོས་ཀྱི་ཐོན་ལས་དང་ཚན་ཞིབ་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པའི་སྲིད་ཇུས་ཁག་མང་པོ་བཏོན་ཡོད། ད་ལོའི་ཀྲུང་དབྱང་གི་ཚན་རྩལ་གྱི་གཏོང་སྒོའི་ཁྲོད་རྨང་གཞིའི་ཞིབ་འཇུག་གི་སྔོན་རྩིས་གྲངས་འབོར་སྒོར་དུང་ཕྱུར་1169.38ཙམ་ཟིན་པ་དེ་ན་ནིང་ལག་ལེན་བསྟར་བའི་གྲངས་འབོར་ལས་16.3%འཕར་ཡོད་པ་རེད།

    རྩེ་རིམ་ཇུས་འགོད་ནས་ས་གནས་ཀྱི་ལག་ལེན་བར་དང་། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་ནས་མ་དངུལ་གྱིས་འགན་ལེན་བྱེད་པའི་བར་རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་གི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་འགྲོ་བ་དང་འབྱུང་རྩའི་གསར་གཏོད་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བཞིན་ཡོད་པ་རེད།

    རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩའི་རོགས་སྐྱོར་དང་རྒྱབ་སྐྱོར་གྱི་ཕན་པ་ཐོབ་པའི་ཤིས་ཧུའུ་སློབ་ཆེན་ཤིས་ཧུའུ་ཚོད་ལྟ་ཁང་གི་ཁྲེན་ཙི་པོ་ཚོགས་པར་ཉེ་དུས་མིས་བཟོས་འདྲེས་གྲུབ་ཕྲ་ཕུང་ཐད་འཕེལ་རྒྱས་བརྟན་པོ་བྱུང་ཡོད།

    ན་ནིང་ལོ་མཇུག་ཏུ་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་གྱི་ངོས་འཛིན་གཅིག་མཐུན་མིན་པའི་གཙོ་གནད་རྣམ་གྲངས་ཁག་དང་པོ་འདེམས་སྒྲུག་རྒྱག་པའི་ལས་དོན་ལེགས་གྲུབ་བྱུང་ཞིང་། དཔྱད་འདེམས་བྱས་པ་བརྒྱུད། མཐར་རྣམ་གྲངས་ཁག་གསུམ་བདམས་ཐོན་བྱུང་ཞིང་། ཁྲེན་ཙི་པོ་ཚོགས་པའི་མིས་བཟོས་འདྲེས་གྲུབ་ཕྲ་ཕུང་རྣམ་གྲངས་ནི་དེའི་གྲས་ཤིག་ཡིན་པ་རེད།

    “སྲིད་ཇུས་དེར་འདེམས་སྒྲུག་ཞིབ་དཔྱད་ཀྱི་ལམ་སྲོལ་གསར་རྐྱང་ཞིག་ལག་ལེན་བསྟར་བས། རིག་ཚན་ལས་བརྒལ་ཞིང་ཉེན་ཁ་ཆེ་བའི་ཞིབ་འཇུག་འདི་རིགས་བྱེད་པར་རྒྱབ་སྐྱོར་དང་ཁས་ལེན་གང་ལེགས་བྱས་སྟབས། ང་ཚོ་རྒྱུན་གཏན་གྱི་དཔྱད་ཞིབ་བྱེད་སྟངས་ལས་བསྒྲལ་ནས་གསར་གཏོད་བྱེད་པར་གཞོལ་ཐུབ་བྱུང”ཞེས་ཁྲེན་ཙི་པོ་ཡིས་བརྗོད།

    རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། ངོས་འཛིན་གཅིག་མཐུན་མིན་པའི་རྣམ་གྲངས་གདམ་གསེས་ལམ་སྲོལ་བཙུགས་པ་དང་ཞིབ་འཇུག་ལ་སྐུལ་འདེད་བཏང་ནས། རྒྱ་ཆེའི་ཚན་ཞིབ་མི་སྣས་དཔའ་ངར་ཆེན་པོས་ཚན་རིག་གི་ཡང་རྩེར་འཛེག་པར་རྒྱབ་སྐྱོར་བྱས་ཏེ་མེད་པ་ནས་ཡོད་པའི་བར་གྱི་གསར་རྩོམ་གྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།

    སྒྲིག་གཞི་ཅན་གྱི་ཚན་རིག་ཞིབ་འཇུག་བྱེད་སྟངས་གསར་པ་དང་མ་ལག་ཅན་གྱི་འགག་སྒྲོལ་གྱི་སྲ་ཞིང་བརྟན་པའི་སྟོབས་ཤུགས་ཤིག་བཏོད་པ།

    ཟླ་བའི་ལྷ་མོ་ཨང་དྲུག་པས་2024ལོའི་ཟླ་6པར་ཟླ་བའི་གོ་ལའི་རྒྱབ་ངོས་ནས་མ་དཔེ་བླངས་ཏེ་ཕྱིར་ལོག་རྗེས། ལོ་གཅིག་ལྷག་ཙམ་གྱི་དུས་ཚོད་ནང་ཚན་ཞིབ་མི་སྣས་གཅིག་རྗེས་གཉིས་མཐུད་ངང་གཡུར་དུ་ཟ་བའི་གྲུབ་འབྲས་མང་པོ་བླངས་ཤིང་། དེའི་ནང་གྲུབ་འབྲས་མི་ཉུང་བ་ཞིག་ཀྲུང་གོ་ཚན་རིག་ཁང་ས་གཤིས་དང་སའི་གོ་ལའི་དངོས་ཁམས་ཞིབ་འཇུག་ཁང་ནས་བྱུང་བ་རེད།

    མྱུར་ཚད་དེ་ནི་རྒྱབ་ཏུ་སྒྲིག་འཛུགས་ཡོད་པའི་ཚན་རིག་ཞིབ་འཇུག་ལས་བྱུང་ཞིང་། ཟླ་བའི་ལྷ་མོ་ཨང་དྲུག་པས་ཟླ་བའི་ས་རྒྱུའི་མ་དཔེ་བླངས་མ་ཐག་ཀྲུང་གོ་ཚན་རིག་ཁང་ས་གཤིས་དང་སའི་གོ་ལའི་དངོས་ཁམས་ཞིབ་འཇུག་སུའོ་ཏང་ཨུད་ཀྱིས་སྣེ་ཁྲིད་དེ་ཞིབ་འཇུག་ཚོགས་ཆུང་ཁག་ནས་སྐོང་འཐེན་བྱས་པའི་མི་བརྒྱ་ལས་གྲུབ་པའི་ཚོགས་པ་གྲབས་འཛུགས་བྱས་ཤིང་། དེར་དམིགས་ཡུལ་གཅིག་ཡོད་པ་སྟེ། ཟླ་བའི་ལྷ་མོ་ཨང་དྲུག་པས་འཁྱེར་ཡོང་བའི་ཟླ་བའི་རྒྱབ་ཀྱི་མ་དཔེའི་ཞིབ་འཇུག་ཐད་འགག་སྒྲོལ་བྱ་རྒྱུ་དེ་རེད།

    ཞིབ་འཇུག་ཚོགས་ཆུང་གཅིག་པུས་རྐྱང་རྒྱུག་རྐྱང་འཐབ་བྱེད་པ་ནས་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་བར་ནི་ཀྲུང་གོ་ཚན་རིག་ཁང་གིས་ཚན་ཞིབ་རྩ་འཛུགས་ལེགས་སྒྲིག་བྱས་པའི་དཔེ་མཚོན་ཞིག་རེད།

    དེ་ཡང་ཁ་ཐོར་དང་བསྐྱར་ཟློས་ཀྱི་བཀོད་པ་ལེགས་སྒྲིག་བྱས་ནས་ལས་འགན་ལ་འདེད་སྐུལ་བྱེད་པའི་མཉམ་ལས་ཕྱོགས་སུ་བསྒྱུར་བས་སྒྲིག་གཞི་ཅན་གྱི་དགེ་མཚན་འདོན་སྤེལ་གང་ལེགས་ཐུབ་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་ཚན་རིག་ཁང་གིས“རྨང་གཞིའི་ཞིབ་འཇུག་གི་དོན་ཚན་བཅུ”བཟོས་ཁར་ལག་བསྟར་གཏིང་ཟབ་བྱས་ཏེ། འགན་འཁྲིར་འདེད་སྐུལ་བྱེད་པའི་སྒྲིག་གཞི་ཅན་གྱི་རྨང་གཞིའི་ཞིབ་འཇུག་ལ་སྐུལ་འདེད་ཧུར་ཐག་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། “དུས་མཚམས་རྗེས་མར་ང་ཚོས་གོང་ནས་འོག་བར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་། སྐས་རིམ་སྦྲེལ་མཐུད་ཀྱི་རྨང་གཞིའི་ཞིབ་འཇུག་ལས་འགན་གྱི་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། ཁྱབ་ཁོངས་དང་རིག་ཚན་ལས་བརྒལ་བའི་མཐུན་སྦྱོར་འགག་སྒྲོལ་བཅས་བྱས་ནས། ཐོག་མའི་གསར་གཏོད་ཀྱི་འབྱུང་གནས་མགྱོགས་མྱུར་གཏོད་པ་དང‘སྣེ་ཁྲིད་བཞིའི’དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན”ཞེས་ཀྲུང་གོ་ཚན་རིག་ཁང་གི་འབྲེལ་ཡོད་འགན་འཁུར་བས་བརྗོད།

    སྣ་མང་ཅན་གྱི་གཏོང་ཆ་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱས་ཏེ་སྲིད་གཞུང་དང་། ཁེ་ལས། ཚན་ཞིབ་སྒྲིག་གཞི་བཅས་ཀྱི་མཐུན་སྦྱོར་མཉམ་ཤུགས་གཅིག་ཏུ་སྒྲིལ་བ།

    ལོ་གསུམ་ལྷག་ཙམ་རིང་མཉམ་འབྲེལ་ཐོག་འགག་སྒྲོལ་བྱས་པ་བརྒྱུད། ཐོན་ལས་ལ་མཁོ་བའི་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་དམིགས་ཏེ། ཆིང་ཧྭ་སློབ་ཆེན་རྫས་འགྱུར་བཟོ་ལས་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཀྲང་ཆང་ཚོགས་པས་མི་རིང་བའི་གོང་ནུས་ཆེའི་གློག་རྫས་ཇུས་འགོད་ལ་རིགས་པའི་གཞུང་ལུགས་ནས་འདེགས་སྐྱོར་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་པེ་ཅིང་གྲོང་ཁྱེར་གྱིས་རྨང་གཞིའི་ཞིབ་འཇུག་གི་མ་འཇོག་ལམ་སྲོལ་སྣ་མང་ཅན་འཚོལ་ཞིབ་བྱས་ཏེ། གྲོང་ཁྱེར་དང་། ཆུས། ཁེ་ལས་བཅས་རིམ་གསུམ་གྱི་མཉམ་འགུལ་མཉམ་འབྲེལ་གྱི་རོགས་སྐྱོར་བྱེད་སྟངས་བཟོས་པ་དང་། པེ་ཅིང་གྲོང་ཁྱེར་གྱི་རང་བྱུང་ཚན་རིག་ཐེབས་རྩའི་མཉམ་འབྲེལ་ཐེབས་རྩ་བཙུགས་ནས་ཁེ་ལས་དང་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་70ལྷག་ཙམ་རྨང་གཞིའི་ཞིབ་འཇུག་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པ་དང་། རྨང་གཞིའི་ཞིབ་འཇུག་ཐད་ཕྱི་ཕྱོགས་ཀྱི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་7ལས་བརྒལ་བས། རིམ་རྩིས་བརྒྱབ་ན་ལག་རྩལ་གྱི་མིང་ཐོ་ཁག་2300བཟོས་ཡོད་པ་རེད།

    ཚན་རྩལ་པུའི་པུའུ་ཀྲང་དབྱིན་ཧོ་ཅུན་གྱིས། ཚན་རྩལ་པུས“ལོ་ལྔ་ཚན་བཅོ་ལྔ་པའི”རྨང་གཞིའི་ཞིབ་འཇུག་འཆར་འགོད་ཁྲིད་སྟོན་དུ་མཐའ་འཁྱོངས་བྱས་ཏེ། ཚན་རིག་གི་ལས་འགན་གལ་ཆེན་མ་ལག་ཅན་དུ་བསྒྱུར་ནས་བཀོད་སྒྲིག་བྱེད་པ་དང་། རྨང་གཞིའི་ཞིབ་འཇུག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་སྒྱུར་བཅོས་བྱེད་ཐབས་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་བྱེད་པ། ཚན་རྩལ་གྱི་རྨང་གཞིའི་ཆ་རྐྱེན་རང་ཚུགས་ངང་འགན་སྲུང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་ཀྱི་ནུས་པ་ཆེན་པོ་གཏོད་པ་བཅས་བྱས་ནས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་གི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།