དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་རིམ་རྩིས་བརྒྱབ་ན་ཞིང་ལས་ཁྱབ་ཁོངས་སུ་བྱང་སྐར་སྤུན་བདུན་གྱི་མཐའ་སྣེའི་སྒྲིག་ཆས་ཆ་ཚང་ཁྲི་270ལྷག་ཙམ་ཁྱབ་གདལ་དང་བེད་སྤྱོད་བཏང་བ།

    གནམ་མཐའ་ནས་ཞིང་ནང་བར་བྱང་སྐར་སྤུན་བདུན་གྱིས་འཇོན་ཐང་ངོམས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀུའུ་ཡེ་ཁའེ།   |     སྤེལ་དུས།  2026-05-07

    ཉེ་བའི་ལོ་ཤས་རིང་། བྱང་སྐར་སྤུན་བདུན་སྲུང་སྐར་ཕྱོགས་སྟོན་ལག་རྩལ་ཞིང་ལས་ཁྲོད་བེད་སྤྱོད་གཏིང་ཟབ་བྱས་ཏེ་སྲོལ་རྒྱུན་གྱི་ཞིང་ལས་དེ་རིག་ལྡན་ཞིང་ལས་ཕྱོགས་སུ་མགྱོགས་མྱུར་སྒྱུར་རྒྱུར་སྐུལ་འདེད་བཏང་ཡོད། སྒྲིག་ཆས་དང་བཀོལ་སྤྱོད་གསར་པ་རབ་དང་རིམ་པས་བྱང་སྐར་སྤུན་བདུན་མ་ལག་གནམ་མཐའ་ནས་ཞིང་ནང་བར་དེང་རབས་ཞིང་ལས་ཀྱི“གནད་སྨིན་ཚད་ཤིང”དང“རིག་ནུས་ཆེན་པོའི”བྱང་སྐར་སྤུན་བདུན་མ་ལག་ཏུ་གྱུར་བ་ལས་དཔྱིད་རྨོད་དཔྱིད་འདེབས་ལ་འགྱུར་ལྡོག་གསར་པ་གང་འདྲ་བྱུང་བའི་ཐད་གསར་འགོད་པས་བཅར་འདྲི་བྱས།

    དེ་བས་ཆ་ཚང་བ་སྟེ། མི་མེད་གནམ་གྲུས་རྩི་ཤིང་སྲུང་སྐྱོང་དང་གནད་སྨིན་རྨོ་འདེབས་བྱས་པར་ཕྱོགས་སྟོན་རྐྱང་པ་ནས་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་རིག་ནུས་ཅན་གྱི་ཕྱོགས་སུ་སྣུར་སྲིང་ཐུབ་པ།

    ཅང་སུའུ་ཧའེ་ཨན་གྲོང་ཁྱེར་ལུང་ཀྲེང་ཁྲོམ་གཞུང་ལེན་ཧོ་གྲོང་ཚོའི་ཡུས་དབན་ཁྱིམ་ཚང་ཞིང་རར་གྲོ་ཞིང་ལ་སྔོ་འབུས་སྙེ་མ་གཏོང་བའི་འགག་རྩའི་དུས་སུ་སླེབས་ཡོད། མུའུ་སྟོང་གི་གྲོ་ཞིང་ལ་གཡོག་བྱེད་བྱེད་མཁན་གཙོ་བོ་ནི་བྱང་སྐར་སྤུན་བདུན་མ་ལག་བསྒར་བའི་རྩི་ཤིང་སྲུང་སྐྱོང་མི་མེད་གནམ་གྲུ་རེད། ལག་ཐོགས་ཁ་པར་ནས་མཐེབ་བཀྱག་མནན་མ་ཐག་སྔོན་བཀོད་མཁའ་ཐོག་ལམ་ཐིག་ལྟར་རང་འགུལ་ངང་འཕུར་ནས་གྲོ་ཞིང་ལ་སྨན་ཁུ་སྙོམས་པོར་སྟོར་གྱི་ཡོད།

    དཔྱིད་རྨོད་རིང་ནང་སོག་པཱ་ཡན་ཀྲོར་གྲོང་ཁྱེར་ལིན་ཧོ་ཆུས་ཀྱི་ཞིང་འཕྲུལ་ཁ་ལོ་བ་ཚོས་བྱང་སྐར་སྤུན་བདུན་མ་ལག་བསྒར་བའི་རིག་ནུས་སོན་འདེབས་འཕྲུལ་འཁོར་བཏང་ནས་ཞིང་ལས་བྱེད་པས་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། “ཉམས་མྱོང་དེ་ཙམ་མི་དགོས་པར་ཉིན་རེར་མུའུ་140ལྷག་ཙམ་འདེབས་ཐུབ་ཀྱི་འདུག”ཅེས་ཞིང་འཕྲུལ་ཁ་ལོ་བ་ཐེན་ཐེ་ཧྲོན་གྱིས་བཤད།

    ཉེ་བའི་ལོ་ཤས་རིང་། བྱང་སྐར་སྤུན་བདུན་སྲུང་སྐར་ཕྱོགས་སྟོན་ལག་རྩལ་ཞིང་ལས་རྨོ་འདེབས་དང་། གཡོག་བྱེད། བརྔ་བསྡུ། སྐྱེལ་འདྲེན་བཅས་ཀྱི་ལྷུ་ཚིགས་ཁག་ནང་མཉམ་འདྲེས་བྱས་པས། རང་རྒྱལ་ཞིང་ལས་ཀྱི་རིག་ནུས་ཅན་གྱི་ཆུ་ཚད་དང་ཐོན་སྐྱེད་ལས་ཕྱོད་ཆེས་ཆེར་མཐོ་རུ་ཕྱིན་ཡོད། དཔྱིད་རྨོད་ཐོན་སྐྱེད་བྱེད་རིང་། བྱང་སྐར་སྤུན་བདུན་མ་ལག་གིས་རམ་འདེགས་བྱས་པའི་མི་མེད་གནམ་གྲུས་རྩི་ཤིང་སྲུང་སྐྱོང་དང་། རིག་ནུས་ལ་བརྟེན་ནས་ཞིང་ལས་འཕྲུལ་ཆས་གཏོང་བ། གནད་སྨིན་རྣང་མ་བཟོ་བ་དང་རྨོ་འདེབས་སོགས་ཀྱི་བྱ་ཐབས་བཀོལ་སྤྱོད་གཏིང་ཟབ་ཐུབ་ཡོད།

    དེ་བས་གནད་སྨིན་བྱུང་བ་སྟེ། རྨང་གཞིའི་སྒྲིག་བཀོད་གསར་པས་ལི་སྨི་རིམ་པའི་གནས་གཏན་འཁེལ་ལ་སྐུལ་འདེད་དང་ལག་རྩལ་སྣ་མང་ཟུང་འབྲེལ་གྱིས་ཞིང་ཁར“རིག་ནུས་མིག”བསྒར་བ།

    “བྱང་སྐར་སྤུན་བདུན་དང་རིག་ལྡན་ཞིང་ལས་ཟུང་འབྲེལ”འཕེལ་རྒྱས་གཏོང་བར་རྨང་གཞིའི་སྒྲིག་བཀོད་གསར་པ་གང་མགྱོགས་སྐྲུན་པ་དང་ཁ་འབྲལ་ཐབས་མེད། བྱང་སྐར་སྤུན་བདུན་གྱི་གནད་སྨིན་ཞིང་ལས་ལ་ཆ་མཚོན་ན། ཞིང་འཕྲུལ་རང་འགུལ་ངང་གཏོང་བ་དང་། གནད་སྨིན་རྨོ་འདེབས། སྙོམས་པོ་འདེབས་པ། ལུད་ཚད་རན་པོ་རྒྱག་པ་སོགས་ལས་ལི་སྨི་རིམ་པའི་གནས་གཏན་འཁེལ་གྱིས་སྲོལ་རྒྱུན་ཞིང་ལས་ཀྱི་དཀའ་གནད་གང་ལེགས་བསལ་བ་རེད།

    ཞིབ་ཚད་འདི་ལྟ་བུ་མངོན་འགྱུར་ཇི་ལྟར་བྱུང་བ་ཡིན་ནམ།

    “ང་ཚོས་རྒྱལ་ཡོངས་སུ་གནས་ཡུལ་གནད་སྨིན་གཏན་འཁེལ་གྱི་བྱང་སྐར་སྤུན་བདུན་གྱི་བརྡ་རྟགས་བསྡུ་ལེན་སྦྲེལ་ཚུགས་5000ལྷག་ཙམ་བཙུགས་ནས་ཞིང་འཕྲུལ་ལ་གནས་ཡུལ་གྱི་གཞི་འཛིན་ས་དང་དུས་ཐོག་ཏུ་བཟོ་བཅོས་རྒྱག་པའི་ཞབས་འདེགས་རྒྱུན་མཐུད་ཞུ་གི་ཡོད”སི་ནན་ཕྱོགས་སྟོན་རིག་ནུས་ཁ་ལོ་བའི་བྱ་གཞག་པུའི་སྤྱི་ཁྱབ་ཅིང་ལི་དབྱང་ཀྲང་པིང་གིས། མ་ལག་དེས་མགྱོགས་མྱུར་དབྱེ་ཞིབ་རྩིས་རྒྱག་དང་ཧེ་བག་བཟོ་བཅོས་རྒྱག་པ་བརྒྱུད་དུས་ཐོག་ཏུ་ལི་སྨི་རིམ་པའི་གནས་གཏན་འཁེལ་གནད་སྨིན་ཐུབ་ནས། ཞིང་འཕྲུལ་གྱིས་ཞིང་ནང་དུ་གནས་ཡུལ་དང་ལས་སྒྲུབ་ལམ་ཐིག་གསལ་རྟོགས་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

    ཉེ་བའི་ལོ་ཤས་རིང་། འཐུས་སྒོ་ཚང་དུ་སོང་བའི་སྲུང་སྐར་ཐད་སྦྲེལ་ཞབས་ཞུས་ཐད་ཀར་བཟོ་བཅོས་ཀྱི་གྲངས་གཞི་ཐོབ་ནས་ཐག་རིང་ལུང་ཁུག་ཏུ་སྦྲེལ་ཚུགས་ཀྱི་བརྡ་རྟགས་མེད་པའི་གནད་དོན་ཐག་གཅོད་ཐུབ་སྟེ། ཞིང་འཕྲུལ་གྱིས་དེ་བས་རྒྱ་ཆེ་བའི་ས་ཁོངས་སུ་གནད་སྨིན་ལས་སྒྲུབ་ཐུབ་ཀྱི་ཡོད། ཞིབ་ཚད་མཐོ་བའི་གནས་གཏན་འཁེལ་གྱི་ལས་སྒྲུབ་ཕུད་བྱང་སྐར་སྤུན་བདུན་མ་ལག་གིས་ད་དུང་རྒྱང་ཚོར་དང་། ས་ཁམས་ཆ་འཕྲིན་ཟོག་སྦྲེལ་དྲ་བ། གྲངས་གཞི་ཆེ་མོ་སོགས་ཀྱི་ལག་རྩལ་དང་ཟུང་འབྲེལ་བྱས་ཏེ་ཞིང་ཁར“རིག་ནུས་མིག”བསྒར་བས་ཞིང་ནང་གཡོག་བྱེད་རགས་ལས་རྣམ་པ་ནས་གནད་སྨིན་སྲུང་སྐྱོང་བར་འགྱུར་ལྡོག་བྱུང་ཡོད།

    དེ་བས་ཁྱབ་གདལ་བྱུང་བ་སྟེ། རང་བརྟེན་གསར་གཏོད་དང་། ཐོན་ལས་མཉམ་ལས། སྲིད་ཇུས་སྐུལ་སྤེལ་བཅས་ལས་བྱང་སྐར་སྤུན་བདུན“ཞིང་ལས་ཡོ་བྱད་གསར་པར”གྱུར་པ།

    ཀྲུང་གོ་སྲུང་སྐར་ཕྱོགས་སྟོན་གནས་གཏན་འཁེལ་མཐུན་ཚོགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། རང་རྒྱལ་གྱིས་རིམ་རྩིས་བརྒྱབ་ན་ཞིང་ལས་ཁྱབ་ཁོངས་སུ་བྱང་སྐར་སྤུན་བདུན་གྱི་མཐའ་སྣེའི་སྒྲིག་ཆས་སྣ་ཚོགས་ཆ་ཚང་ཁྲི་270ལྷག་ཙམ་ཁྱབ་གདལ་དང་བེད་སྤྱོད་བྱས་ཡོད། བྱང་སྐར་སྤུན་བདུན་གྱི་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ཞིང་ཁར་བེད་སྤྱོད་བྱས་པ་དང་སྲུང་སྐར་ཕྱོགས་སྟོན་དེ་ཞིང་པའི“ཞིང་ལས་ཡོ་བྱད་གསར་པར”གྱུར་དོན་ནི“ནམ་མཁའི་སྐར་མ”ཙམ་མ་ཟད། ཐོན་ལས་འཁོར་འབྲེལ་ཧྲིལ་པོ་དང་ཐོན་ལས་སྐྱེ་ཁམས་ཀྱི་མ་ལག་རང་བཞིན་གྱི་མཐུན་སྦྱོར་འདེགས་སྐྱོར་དང་དེ་བས་ཁ་འབྲལ་ཐབས་མེད།

    “བྱང་སྐར་སྤུན་བདུན་མ་ལག་ལ་བརྟེན་པས་ཞིང་འཕྲུལ་གྱི་གནས་ཡུལ་གྲངས་གཞི་དེ་ང་ཚོའི་ཟོག་སྦྲེལ་དྲ་རྒྱའི་ལས་སྟེགས་དང་ཕན་ཚུན་སྦྲེལ་མཐུད་ཐུབ་སྟེ། རྒྱལ་ཡོངས་ཁྱབ་ཁོངས་ནང་གི་ལྷུ་ལག་དང་ཞབས་ཞུ་བ་དུས་ཐོག་ཏུ་བཀོད་སྒྲིག་ཐུབ་ནས་དཔྱིད་རྨོད་དང་སྟོན་བསྡུ་ལས་བྲེལ་ཆེ་ཤོས་དུས་ཀྱི་ཞབས་ཞུ་དང་ལེན་གྱི་ལས་ཕྱོད་འགན་ལེན་ཐུབ་ཡོད ”ཅེས་ཝོ་ཏེ་ཞིང་འཕྲུལ་ཆ་འཕྲིན་པུའི་པུའུ་ཀྲང་ཝང་ལི་དབྱིང་གིས་བཤད་པ་དང་། ཁོང་གིས། ང་ཚོས་མཐའ་སྣེས་ཕྱིར་ལྡོག་བྱས་པའི་སྐྱོན་ཤོར་ཆ་འཕྲིན་དང་། ལས་ཀའི་དུས་ཡུན། ལས་སྒྲུབ་རྣམ་པ་བཅས་ལ་གཞིགས་ནས་རང་འགུལ་ངང་ཞིང་འཕྲུལ་བདག་པོར་ཉམས་བཟོ་སྲུང་སྐྱོང་གི་དྲན་སྐུལ་བཏང་སྟེ་འཕྲུལ་འཁོར་ལ་སྐྱོན་ཤོར་བའི་ཉེན་ཁ་ཆུང་དུ་བཏང་ཡོད། དེ་དང་ཆབས་ཅིག ལས་ཀའི་གནས་ཚུལ་གྱི་གྲངས་གཞིའི་དམིགས་ཚད་138འཚོལ་བསྡུ་བྱས་ནས་ཐོན་རྫས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པར་སྤྱད་དེ་ཇུས་འགོད་ལེགས་གཏོང་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་བཏང་ཡོད་ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཞིང་འཕྲུལ་ཉོ་སྒྲུབ་དང་བཀོལ་སྤྱོད་ཐད་ཀྱི་ཁ་གསབ་རྒྱུན་མཐུད་ཁྱབ་རྒྱ་ཆེ་རུ་དང་ཚད་གཞི་མཐོ་རུ་བཏང་ནས་ཁ་གསབ་ཀྱི་རིགས་མི་འདྲ་བ་བཟོས་ཏེ་ཞིང་དུད་ལ་ཐད་ཀར་སྤྲད་པ་དང་། ཞིང་སྤྱོད་བྱང་སྐར་སྤུན་བདུན་གྱི་འཁོར་གཏོང་རམ་འདེགས་མ་ལག་དེ་ཞིང་འཕྲུལ་མཁོ་མེད་གསར་བརྗེས་ཀྱི་ཁ་གསབ་ཁྱབ་ཁོངས་སུ་བཅུག་ནས་མཁོ་མེད་དུ་བཏང་རྗེས་སྒྲིག་ཆས་དེ་རིགས་གསར་བརྗེས་བྱས་རིགས་ལ་ཁ་གསབ་ཀྱི་རྨང་གཞིའི་ཐོག་50%གཞིར་བཟུང་ཚད་གཞི་མཐོ་རུ་བཏང་བ། ས་གནས་ཁག་གིས་ཁ་གསབ་སྤྲོད་ཤུགས་ཆེ་རུ་བཏང་ནས་བྱང་སྐར་སྤུན་བདུན་གྱི་ཕྱོགས་སྟོན་ཞིང་འཕྲུལ་སྤྱོད་རྒྱུར་སྐུལ་འདེད་བཏང་བ་བཅས་རེད། ས་ཁུལ་ཁག་གི་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་ཡོངས་བསྒྲགས་གྲངས་གཞི་ལས་མངོན་པར། 2024ལོའི་ལོ་འཁོར་དུ་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་ལོངས་སུ་སྤྱད་པའི་བྱང་སྐར་སྤུན་བདུན་གྱི་མཐའ་སྣེ་དང་དེ་བཞིན་འཁོར་གཏོང་རམ་འདེགས་མ་ལག་ཆ་ཚང་ཁྲི་8ཙམ་བཙོངས་པ་དང་། བཙོངས་ཚད་ལོ་གསུམ་བསྟུད་མར་ཁྲི་7ལས་བརྒལ་ནས་བྱང་སྐར་སྤུན་བདུན་གྱི་ཞིང་འཕྲུལ་སྤྱོད་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།