དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འདོད་ཚུལ་བཞི་བཏོན་གནང་ནས་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ཡོང་བར་དྲང་ནུས་སྦྱིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2026-05-07

    ཀྲུང་གོས་ཞི་བའི་གྲོས་མོལ་དང་། ཡང་དག་པའི་ལོ་རྒྱུས། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་བཅས་ཀྱི་ཕྱོགས་སུ་མུ་མཐུད་ལངས་ནས། བློ་སེམས་གཅིག་མཐུན་གྱི་རྒྱལ་ཁབ་དང་མཉམ་དུ་ལག་གདང་སྦྲེལ་ཏེ་འབད་བརྩོན་ལྷོད་མེད་ཀྱིས་དབུས་ཤར་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་དང་། ས་ཁུལ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཆེད་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་དང་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པར་བྱ་རྒྱུ་རེད།

    ཉིན་ཤས་གོང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེའི་རྒྱལ་རྒྱུད་འཛིན་མཁན་ཧ་ལི་ཏེ་དང་མཇལ་འཛོམས་གནང་སྐབས་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་དང་སྐུལ་འདེད་གཏོང་བའི་ཐད་འདོད་ཚུལ་བཞི་བཏོན་གནང་ཞིང་། ཁོང་གིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དང་། རྒྱལ་ཁབ་བདག་དབང་གི་རྩ་དོན། རྒྱལ་སྤྱིའི་ཁྲིམས་སྐྱོང་གི་རྩ་དོན་བཅས་མཐའ་འཁྱོངས་དང་དེ་བཞིན་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། འདོད་ཚུལ་བཞི་བཏོན་གནང་བ་དེས་ཀྲུང་གོ་ཕྱོགས་ཀྱིས་ཞི་བདེར་སྐུལ་འདེད་དང་དམག་འཁྲུག་མཚམས་འཇོག་བྱེད་པ་དང་། གྲོས་མོལ་དར་སྤེལ་བཏང་ནས་ཐོག་མཐའ་བར་གསུམ་དུ་མི་མཐུན་པའི་ཆ་སེལ་བའི་ལངས་ཕྱོགས་དང་འབད་བརྩོན་ཧུར་ཐག་བྱེད་པ་གང་ལེགས་མཚོན་པར་བྱས་ཏེ། དབུས་ཤར་དང་མཚོ་ཁུག་ས་ཁུལ་གདོང་གཏུག་ལས་བསྒྲལ་བ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱ་ཆེད་ཀྲུང་གོའི་ཇུས་གཞི་བཏོན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་འདོད་ཚུལ་བཞི་ཡིས་དབུས་ཤར་ས་ཁུལ་གྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་དངོས་སྒྲུབ་གཞུང་དྲང་ལ་གཞི་ཚུགས་ཏེ་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་དྲང་ནུས་བསྣན་པའི་ངོས་འཛིན་བྱས་པ་རེད།

    ཞི་བདེ་མཉམ་གནས་མཐའ་འཁྱོངས་བྱ་རྒྱུ་ནི་དབུས་ཤར་ས་ཁུལ་གྱི་དཀའ་ངལ་སེལ་བ་དང་ས་ཁུལ་ཡུན་རིང་བདེ་འཁོད་ཡོང་བའི་རྨང་གཞི་གལ་ཆེན་ཞིག་རེད། དབུས་ཤར་མཚོ་ཁུག་རྒྱལ་ཁབ་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པས་ཁ་འབྲལ་ཐབས་མེད་པའི་ཁྱིམ་མཚེས་ཤིག་རེད། དུས་བབ་ཛ་དྲག་ཏུ་ཇི་ཙམ་སོང་ན་ས་ཁུལ་དང་རྒྱལ་ཁབ་ཀྱིས་དེ་ཙམ་གྱིས་ཞི་བདེར་གཅེས་སྤྲས་བྱེད་དགོས།

    རྒྱལ་ཁབ་ཀྱི་བདག་དབང་བརྟན་སྲུང་བྱ་རྒྱུ་ནི་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་ས་ཁུལ་དང་རྒྱལ་ཁབ་ཀྱི་ཁེ་དབང་འཕེལ་རྒྱས་གཏོང་བར་འགན་སྲུང་བྱེད་པའི་ལྟེ་བའི་ཆ་རྐྱེན་ཞིག་རེད། བདག་དབང་ནི་རྒྱལ་ཁབ་ཁག་དང་ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཆགས་ས་རྟེན་ས་ཞིག་ཡིན་པས་དེར་བཙན་གནོད་གཏོང་མི་རུང་། དབུས་ཤར་ས་ཁུལ་གྱི་མི་དམངས་ནི་ས་ཁུལ་དེའི་བདག་པོ་ངོ་མ་ཡིན་པས། དབུས་ཤར་ས་ཁུལ་གྱི་ལས་དོན་མཐའ་དག་ས་ཁུལ་རྒྱལ་ཁབ་ཁག་གིས་རང་བདག་ངང་ཐག་གཅོད་དགོས། ཀྲུང་གོ་ཕྱོགས་ཀྱིས་དབུས་ཤར་མཚོ་ཁུག་རྒྱལ་ཁབ་ཀྱིས་བདག་དབང་གི་བདེ་འཇགས་དང་། མངའ་ཁོངས་ས་ཆ་ཆ་ཚང་། མི་རིགས་ཀྱི་ལ་རྒྱ་བཅས་སྲུང་སྐྱོང་དང་རང་ངོས་ཀྱི་ལུགས་མཐུན་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད།

    རྒྱལ་སྤྱིའི་ཁྲིམས་སྐྱོང་སྲུང་སྐྱོང་བྱ་རྒྱུ་ནི་དབུས་ཤར་ས་ཁུལ་དུ་དམག་འཁྲུག་གི་མེ་ལྕེ་མཆེད་རྒྱུ་སྔོན་འགོག་དང་ས་ཁུལ་གྱི་ཞི་བདེའི་སྲུང་བཅད་བརྟན་དུ་གཏོང་བའི་འགན་སྲུང་བརྟན་པོ་ཞིག་རེད། རྒྱལ་སྤྱིའི་ཁྲིམས་སྐྱོང་གི་དབང་གྲགས་སྲུང་སྐྱོང་བྱེད་སྐབས“མཐུན་ན་བེད་སྤྱོད་དང་མ་མཐུན་ན་དོར་བ”བྱེད་མི་རུང་ལ། འཛམ་གླིང་སླར་ཡང་ཆེ་བཙན་ཆུང་བརྙས་ཀྱི་གནས་སུ་བསྐྱར་ལོག་བྱེད་མི་རུང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

    འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱ་རྒྱུ་ནི་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་མངོན་འགྱུར་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཕུགས་འཕེར་གྱི་ཇུས་གཞི་ཞིག་རེད། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་སྲུང་ཡིན། ནུས་རྒྱུ་གཙང་མའི་མཉམ་ལས་བྱས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་རོགས་རམ་བྱེད་པ་ནས་ཞིང་ལས་ལག་རྩལ་མཉམ་སྤྱོད་ཀྱིས་བྱེ་ཐང་དུ་འབྲས་ཤིང་འདེབས་པའི་བར་ཀྲུང་གོ་དང་དབུས་ཤར་མཚོ་ཁུག་རྒྱལ་ཁབ་དབར་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་ཧུར་ཐག་བྱས་ཡོད། ཕྱོགས་ཚང་མས་དབུས་ཤར་མཚོ་ཁུག་རྒྱལ་ཁབ་འཕེལ་རྒྱས་གཏོང་ཆེད་ཁོར་ཡུག་བཟང་པོ་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་དབུས་ཤར་མཚོ་ཁུག་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ་ས་ཁུལ་འཕེལ་རྒྱས་དང་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

    འདོད་ཚུལ་བཞི་པོ་ནི་དབུས་ཤར་ས་ཁུལ་གྱི་ཞི་བདེའི་ལམ་བུ་གསལ་བར་བྱེད་པའི་སྒྲོན་མེ་ལྟ་བུ་རེད། ཀྲུང་གོས་ཞི་བའི་གྲོས་མོལ་དང་། ཡང་དག་པའི་ལོ་རྒྱུས། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་བཅས་ཀྱི་ཕྱོགས་སུ་མུ་མཐུད་ལངས་ནས། བློ་སེམས་གཅིག་མཐུན་གྱི་རྒྱལ་ཁབ་དང་མཉམ་དུ་ལག་གདང་སྦྲེལ་ཏེ་འབད་བརྩོན་ལྷོད་མེད་ཀྱིས་དབུས་ཤར་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་དང་། ས་ཁུལ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཆེད་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་དང་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།